ནམ་མཁའ་རུ་སྤྲིན་པ་ཡུག་གཅིག་ཀྱང་མི་སྣང་བས། མཁའ་དབྱིངས་ཀུན་སྟོང་ལྷང་ངེར་གནས། ཆུང་དུས་སུ་ནམ་མཁའ་འདི་ལྟར་སྟོང་ལྷང་ངེར་ཡོད་དུས། ངས་དེ་རུ་རི་མོ་སྣ་ཚོགས་ཤིག་འབྲི་འདོད་སྐྱེས། དེ་ཡང་རྒྱས་སྤྲོས་ཀྱི་གཟིམ་ཤག་དང་རྔམ་བརྗིད་ཀྱི་རླངས་འཁོར། བསིལ་དྲོད་སྙོམ་པའི་རྫིང་བུ། མེ་ཏོག་གི་འདབ་རྒྱ་གྲོལ་བའི་སྐྱེད་ཚལ་དང་། དེ་རུ་རྒྱུ་བའི་ནམ་མཁའི་ལྷ་མོ་ལྟ་བུའི་འཇོ་སྒེག་གི་མཛེས་མ། ཆུང་དུས་སུ་ངས་འདི་ལྟར་སྔོ་བསང་བསང་གི་ནམ་མཁར་ཅེར་ནས་དེ་དག་རི་མོར་ཡང་ཡང་བྲིས་མྱོང་། ལོ་ངོ་མང་པོའི་རྗེས་ཀྱི་དེ་རིང་ངས་སླར་ཡང་རི་མོ་དེ་དག་ནམ་མཁའ་སྟོང་པ་འདིར་བྲི་དགོས་བསམས།
ནམ་མཁའ་སྟོང་པ་རུ་རི་མོ་ཅི་ཞིག་བྲིས་ཀྱང་། ནམ་མཁའ་སྔར་བཞིན་སྟོང་པར་ལུས། ངས་ཆོས་ཉིད་དེ་གསལ་པོར་ཤེས་ན་ཡང་། རྒྱུན་དུ་ནམ་མཁའ་འདི་ལྟར་སྟོང་ལྷང་ངེར་ཡོད་པ་མཐོང་དུས། ངའི་སེམས་ལ་བྲེད་ཤ་ཞིག་ལངས་ཡོང་ཞིང་། རང་དབང་མེད་པར་ལག་པའི་གོང་མཛུབ་འགུལ་ནས་མཁའ་དབྱིངས་སུ་རི་མོ་བྲིས་ཡོང་། དེ་བས་ལོ་ངོ་འདི་འདྲའི་མང་པོ་ཞིག་གི་རིང་ལ་ངས་མཁའ་དབྱིངས་སུ་རི་མོ་འབྲི་འདོད་ཀྱི་རེ་བ་དང་ཆོད་སེམས་ལ་འགྱུར་བ་ཅི་ཡང་མ་བྱུང་།
གྲོགས་པོས་ཅུང་ཟད་ཡིད་ཆད་པའི་རྣམ་འགྱུར་ཞིག་བསྟན་ནས། “ག་རེ། ད་དུང་ཡང་ཆུང་མ་མ་བླངས་ཨང་། ”ཟེར། ཕོ་ལོ་ཉི་ཤུ་བརྒལ་ནས་སུམ་ཅུར་སླེབས་ལ་ཉེ་བའི་སྐབས་འདིར་སྐད་ཆ་འདི་ནི་བསིལ་རླུང་ལྡང་བ་བཞིན་བདག་གི་རྣ་བའི་བུ་ག་རུ་ཡང་ཡང་རྒྱུ་ཡོང་བའི་སྐད་ཆ་ཞིག་སྟེ། “འདོན་མཁན་གྲྭ་པ་བརྒྱ་ཡོད་ཀྱང་། འདོན་རྒྱུའི་པོ་ཏི་གཅིག”ཟེར་བ་བཞིན། ཁྱིམ་གྱི་བཟའ་མི་ནས་སྒོ་ཡི་གྲོགས་པོའི་བར་གྱི་བདག་ལ་གཅེས་ཤིང་བྱམས་པའི་མི་དག་གིས་སེམས་ཁུར་གྱི་སྐད་ཆ་དེ་བདག་གི་རྣ་ལམ་དུ་ཡང་ཡང་ལབ་ཡོང་། སྐད་ཆ་དེ་བདག་ལ་སེམས་དཀར་ནས་བཤད་པ་ཞིག་ཡིན་པ་ངས་ཅི་ལ་མི་ཤེས་མོད། སྐད་ཆ་དེ་དེ་ལྟར་མི་མང་པོས་ཡང་དང་བསྐྱར་དུ་བཤད་ཡོང་དུས། ང་སྐད་ཆ་དེ་བཤད་མཁན་གྱི་མི་དག་གི་སྟེང་ལ་སུན་སྣང་བཟོད་གླགས་མེད་པ་ཞིག་སྐྱེས་ཡོང་།
དེ་རིང་ཡང་ཡུན་རིང་མ་འཕྲད་པའི་གྲོགས་པོ་ཞིག་གིས་སྐད་ཆ་དེ་འབྲུ་གཅིག་ཀྱང་མ་ནོར་བར་ཇི་མ་ཇི་བཞིན་དུ་བདག་ལ་བཤད་བྱུང་། སྐབས་དེར་ང་རང་རྫོང་སྲིད་གཞུང་གི་སྒོ་དྲུང་དུ་དྲང་མོར་ལངས་ནས། ནམ་མཁའ་སྟོང་པ་འདི་རུ་རང་གི་ལག་པའི་གོང་མཛུབ་སྤྱད་ནས་རི་མོ་ཞིག་འབྲི་བའི་སྟ་གོན་བྱེད་ཀྱིན་ཡོད། དེ་བས་ངས་ཀྱང་བསམ་བློ་མང་པོ་མ་བཏང་བར་གྲོགས་པོ་དེ་ལ “མ་བྲེལ་དང་། ད་ནི་ཡུན་རིང་འགོར་རྒྱུ་མ་རེད”ཅེས་བཤད་པ་ཡིན། ངས་གྲོགས་པོ་ལ་ཅི་མི་སྙམ་པར་ལན་དེ་ལྟར་བཏབ་ཀྱང་། དོན་དུ་ཆུང་མ་ལེན་པའི་སྐོར་དེར། ཕོ་ལོ་ཉི་ཤུའི་ལུང་ཁོག་བརྒལ་ནས་སུམ་ཅུའི་ལ་རྩར་སླེབས་ལ་ཉེ་ཡང་ངའི་ཡིད་ལ་ད་དུང་འཆར་གཞི་གསལ་པོ་ཅི་ཡང་མེད། འོན་ཀྱང་། སྐད་ཆ་འདི་ཐོས་ཐེངས་རེ་རེར་མི་འགྱུར་དཔལ་སྒྲོན་ཟེར་བའི་བུ་མོ་དེ་ངའི་ཡིད་ཤེས་ཀྱི་མེ་ལོང་དུ་གསལ་ལེར་མངོན་ཡོང་། དེ་ནི་ནམ་མཁའ་སྟོང་པ་རུ་སྤྲིན་པ་ཡུག་གཅིག་གློ་བུར་དུ་སླེབས་པ་དང་འདྲ་སྟེ། བློ་རྣལ་དུ་ཕབ་དུས་གཞི་ནས་སྤྲིན་པ་དེ་ཤེས་མེད་ཚོར་མེད་དུ་མི་སྣང་བར་ཡལ་འགྲོ།
མི་འགྱུར་དཔལ་སྒྲོན་ལགས་ཀྱི་གཟུགས་རིང་། ཤ་རྩ་དཀར། ཕྱག་ལག་ཕྲ། སོ་རྩ་དཀར། དབུ་སྐྲ་ནག མིག་ཟུང་ཆེ་ལ། སྤྱན་དཀྱུས་རིང་། རྐང་ཐང་ལ་འགྲོ་དུས་དབུ་སྐྲའི་འདབ་མ་བསིལ་རླུང་གིས་གཡོ་ཞིང་གཡོ་ཞིང་འགྲོ་བ་ཞིག་ཡིན། ཆེད་དུ་སྐྱོན་ཞིག་བཙལ་དགོས་ན་ནི་གཟུགས་རིང་དྲགས་པས་དབུ་མདུན་དུ་ཨེན་ཙམ་བསྒུར་ཡོད་པ་དེའོ། ། མོ་ནི་ང་རང་སྒོ་སྲུང་བྱས་ཡོད་པའི་རྫོང་སྲིད་གཞུང་གི་ལས་བྱེད་པ་ཡིན་ལ། སྔོན་བསགས་བསོད་ནམས་བཟང་པོས་ངས་རྟག་པར་མོ་རང་མོ་ཊ་བཏང་ནས་རྒྱ་སྒོ་འདི་བརྒྱུད་དེ་ལས་ཚོགས་སུ་འགྲོ་བ་མཐོང་ཐུབ། མོ་དེ་ལྟར་མོ་ཊ་བཏང་ནས་བདག་གི་མིག་མདུན་དུ་ཡང་ནས་ཡང་དུ་འཇོ་སྒེག་གིས་མངོན་ཡོང་བས། བདག་གི་ཡིད་ཀྱི་བརྟན་པ་ཡང་དབང་མེད་དུ་ཕྲོགས་སོང་། མོས་མོ་ཊ་བཏང་ནས་རྒྱ་སྒོ་རུ་སླེབས་ཐེངས་རེ་རེར། ངས་ཤེས་མེད་ཚོར་མེད་དུ་དེ་ལ་གུས་འདུད་ལྟ་བུ་ཞིག་ཞུ་འགྲོ། དེ་ལ་གྲོགས་པོ་ཞིག་གིས་རྒྱུན་དུ“ཡང་ཁྱོད་ཀྱི་ཨ་ལགས་སླེབས་སོང་ངམ། ཁྱོད་ཀྱི་གུས་ལུགས་བྱེད་སྟངས་འདི་ཨང”ཞེས་ཁྲེལ་དགོད་བྱས་ཡོང་། སྐབས་དེར་ངའི་གདོང་མདོག་དམར་པོར་འགྱུར་བ་ལས་ཕར་རྒོལ་གྱི་སྐད་ཆ་ཅི་ཡང་ངག་ལས་མི་འཁྲོལ།
མི་འགྱུར་དཔལ་སྒྲོན་ལགས་ཉིན་རེར་ཕལ་ཆེར་ཐེངས་བཞི་ཙམ་ལས་རྫོང་སྲིད་གཞུང་གི་སྒོ་དྲུང་དུ་མངོན་མི་སྲིད་ཅིང་། ལས་ཡག་ན་མོ་རང་རྐང་ཐང་དུ་དབུ་སྐྲའི་འདབ་མ་རླུང་གིས་གཡོ་ཞིང་གཡོ་ཞིང་འགྲོ་བ་མཐོང་ཐུབ། ཡིན་ན་ཡང་། ལས་ཡག་པའི་ཉིན་མོ་དེ་འདྲ་ནི་ཤིན་ཏུ་དཀོན་ཏེ་ངའི་ལས་གྲོགས་རྒྱ་མི་སྤྱི་ཐེར་དེའི་དབུ་སྐྲ་ལས་ཀྱང་ཉུང་། ཐེངས་བཞི་བོར་ཡང་མོ་རང་མོ་ཊ་བཏང་ནས་བདག་གི་མིག་མདུན་ནས་རླུང་ལྡང་བ་བཞིན་སྐད་ཅིག་ཙམ་ལ་ཡལ་འགྲོ་བས། དེ་ནི་ཡུན་ཐུང་གི་རྨི་ལམ་ལྟ་བུ་ཞིག་རེད། དེ་བས་ངས་མི་འགྱུར་དཔལ་སྒྲོན་ལགས་བདག་གི་མིག་མདུན་དུ་ནམ་ཡང་ཡལ་བ་མེད་པར་གནས་ཡོད་པའི་རྫོང་སྲིད་གཞུང་གི་ར་སྐོར་འདིའི་དཀྱིལ་དབུས་སུ་ཀྲོང་ངེར་འགྲེང་བའི་དར་ཆ་དེ་ཡིན་ན་ཅི་མ་རུང་སྙམ། དར་ཆ་དེ་དང་འདྲ་བར་བདག་གི་མིག་མདུན་དུ་གཡོ་བ་མེད་པར་བཀལ་ཡོད་ན་ཅི་མ་རུང་སྙམ། རེ་འདུན་དེ་ནི་ངས་ཆུང་དུས་སུ་ནམ་མཁའ་སྟོང་པ་རུ་རང་གི་ལག་པའི་གོང་མཛུབ་སྤྱད་ནས་རི་མོ་བྲིས་པ་ལྟ་བུ་ཞིག་ཡིན་ན་ཡང་། ངས་རྟག་པར་དེ་ལྟར་སྟོང་བསམ་བཅངས་འགྲོ།
དེ་ཡང་ཟླ་འགའི་སྔོན་གྱི་ཞོགས་པ་ཞིག་ལ་མི་འགྱུར་དཔལ་སྒྲོན་ལགས་ཀྱིས་ངའི་མིང་ནས་བོས་བྱུང་། དོན་ལ་ངའི་མིང་ནས་བོས་པ་ཡང་མ་རེད་དེ། མོས་ངའི་མིང་ལ་སྒོ་སྲུང་ཞེས་བོས་བྱུང་། མི་གཞན་གྱིས་ངའི་མིང་ལ་དེ་ལྟར་འབོད་དུས་སྙན་མོ་ཞིག་གཏན་ནས་མིན་ན་ཡང་། མོས་དེ་ལྟར་འབོད་དུས་ང་ལ་མི་སྙན་པའི་སྣང་བ་ཅི་ཡང་མ་བྱུང་། མོས་ང་ལ་རོགས་ཤིག་བྱ་དགོས་ཚུལ་ལབ། ངས་དེ་མ་ཉིད་དུ་ཁས་བླངས་ནས་མོའི་རྗེས་དེད་དེ་སོང་། མོ་སོང་བའི་རྗེས་སུ་དྲི་བསུང་ཞིམ་པོ་ཞིག་ལྡང་ཡོང་ཞིང་། སྐབས་དེར་ངས་མོས་ང་རང་གློ་བུར་དུ་འདི་ལྟར་འབོད་དོན་ཅི་ཡིན་སྙམ་ནས་ཡིད་ལ་དྲན་འཆར་སྣ་ཚོགས་འཇའ་ཚོན་སྣ་ལྔ་བཞིན་ཤར་བ་དང་། མོས་ང་རང་འབོད་དོན་ཅི་ཞིག་ཡིན་ན་ཡང་། རང་གི་སེམས་འདུན་བརྗོད་པའི་གོ་སྐབས་ཡག་ཤོས་ཡིན་པས། ངས་རང་གི་སེམས་འདུན་དེ་ངེས་པར་དུ་མོ་ལ་བརྗོད་དགོས་བསམས། དོན་གྱིས་ང་ལ་སེམས་ཀྱི་འདོད་འདུན་བརྗོད་པའི་སྤོབས་པ་ཡེ་ནས་མེད་མོད། ངས་རང་གི་སེམས་འདུན་དེ་མོ་ལ་ཇི་ལྟར་བརྗོད་པ་དང་རྣམ་འགྱུར་ཅི་འདྲ་བ་ཞིག་གི་ངང་ནས་བརྗོད་པའི་སྐོར་ལ་བསམ་བློ་གཏོང་ཁུལ་བྱས།
མོའི་གཞུང་ལས་ཁང་དེ་རྫོང་སྲིད་གཞུང་གི་ཐོག་ཁང་མཐོན་པོ་དེའི་ཐོག་སོ་སུམ་པ་ན་འདུག་ཅིང་། ད་ལྟ་མོའི་གཞུང་ལས་ཁང་སུམ་ཐོག་ནས་བདུན་ཐོག་ཏུ་སྤར་དགོས་པས་ང་རང་རོགས་བྱེད་དུ་བོས་པ་ཡིན་འདུག
གཞུང་ལས་ཁང་གི་སྒོ་ནང་དུ་འཛུལ་མ་ཐག་ངས་འདབ་ལག་ཀུན་ནས་རྒྱས་པའི་མེ་ཏོག་དམར་པོ་ཞིག་མཐོང་བྱུང་། དེ་དང་བསྡོངས་ནས་དེའི་དྲི་བསུང་ཞིམ་པོ་ཞིག་ཀྱང་སྣ་ལམ་དུ་ལྡང་བྱུང་། མེ་ཏོག་དེའི་མིང་ལ་ཅི་ཟེར་བ་ངས་མི་ཤེས་ན་ཡང་། ངའི་མེ་ཏོག་དེ་སུ་ཞིག་གིས་བཟུང་ནས་འགྲོ་བཞིན་པ་གསལ་བོར་མཐོང་མྱོང་། འོ་རེད། དེ་ནི་གཞན་སུ་ཡང་མ་ཡིན་པར་རྫོང་གཙོ་བཀྲ་ཤིས་ལགས་ཀྱི་བུ་བདེ་ལྡན་རེད། ངས་བདེ་ལྡན་གྱིས་མེ་ཏོག་བཟུང་ནས་རྫོང་སྲིད་གཞུང་གི་རྒྱ་སྒོ་བརྒྱུད་ནས་འགྲོ་བཞིན་པ་གསལ་པོར་མཐོང་མྱོང་། མེ་ཏོག་དེ་མོའི་གཞུང་ལས་ཁང་དུ་ཡོད་པ་མཐོང་དུས་ངའི་ཡིད་ཀྱི་དགའ་བ་དང་དུངས་པས་འབར་བཞིན་མེ་ལྕེ་དེ་གློ་བུར་དུ་བཅིལ་སོང་། མེ་ཏོག་དེ་མོ་ལ་བདེ་ལྡན་གྱིས་གནང་བ་ངེས་གཏན་རེད། ངས་དེ་ལྟར་ཡིད་ལ་དྲན་པ་དང་ཁོག་ཏུ་ཆུ་འཁྱག་ཕོར་གང་བླུགས་པ་བཞིན་གྲང་འདར་ཞིག་བརྒྱབ་བྱུང་། ང་མེ་ཏོག་དེའི་སྒང་ལ་ཤེས་མེད་ཚོར་མེད་དུ་ཞེ་སྡང་དྲག་པོ་ཞིག་ལངས་བྱུང་། གལ་ཏེ། མེ་ཏོག་འདི་སེམས་ལྡན་གྱི་སྲོག་ཆགས་ཤིག་ཡིན་ཚེ། ངས་ད་ལྟ་ཉིད་དུ་དེའི་སྲོག་གཅད་འདོད། ཡུད་ཙམ་གྱི་རྗེས་སུ་མོས་མེ་ཏོག་དེ་ཁྱེར་དུས་ཤིན་ཏུ་སེམས་ཆུང་བྱེད་དགོས་ཚུལ་བཤད་བྱུང་། འོན་ཀྱང་། ངས་སེམས་ཆུང་མ་བྱས་པར་མེ་ཏོག་དེ་ས་ལ་ཤོར་སོང་། དྲང་མོར་བཤད་ན་ངས་མེ་ཏོག་དེ་བསམ་གཟས་ནས་ས་ལ་བརྡབས་བཞག ངས་རང་གི་ཞེ་སྡང་དེ་གནོན་མ་ཐུབ་པར་མེ་ཏོག་དེ་བསམ་བཞིན་ས་ལ་བརྡབས་ནས་དུམ་བུ་དུམ་བུར་བཟོས་བཞག མོས་བདེ་ལྡན་ལ་བཅངས་པའི་བརྩེ་བ་དེ་ཡང་དེ་ལྟར་དུམ་བུར་དུམ་བུར་ཆག་སོང་ན་ཅི་འདྲའི་དགའ་ཨང་། མོས་ངས་མེ་ཏོག་དེ་དེ་ལྟར་བསམ་བཞིན་དུ་ས་ལ་བརྡབས་པ་མཐོང་བས་ངའི་སྟེང་ལ་ཞེ་སྡང་དྲག་པོ་ཞིག་ལངས་བྱུང་། དེ་ནི་ང་མེ་ཏོག་དེའི་སྟེང་ལ་ཞེ་སྡང་ལངས་པ་ཀྱང་ལྡབ་འགྱུར་གྱིས་ཆེ་བ་ཞིག་རེད། མོའི་དཀར་འཇམ་དུང་ཟླ་ཡི་ཞལ་རས་ལ་གློ་བུར་དུ་སྤྲིན་ནག་འཁྲིགས་ཤིང་། ཁྲ་ཆུང་གི་མིག་ཟུང་ཡང་མཚམས་སྤྲིན་དམར་པོའི་མདངས་བཞིན་དམར་པོར་གྱུར་སོང་། མོས་ངས་དེ་ལྟར་མེ་ཏོག་དེ་བསམ་བཞིན་ས་ལ་བརྡབས་པའི་རྒྱུ་མཚན་ཤེས་མི་སྲིད་ན་ཡང་། ངས་མེ་ཏོག་དེ་ས་ལ་བསམ་བཞིན་དུ་བརྡབས་པ་དངོས་སུ་མཐོང་བས། མོ་ངའི་སྟེང་ལ་ཞེ་སྡང་དྲག་པོ་ཞིག་ལངས་བྱུང་། མོས“ཁྱོད་ནི་མི་བསམ་ངན་ཐ་ཤལ་ཞིག་རེད”ཟེར་ཞིང་ངའི་སྟེང་ལ་སྡང་མིག་གློག་འཁྱུག་པ་ལྟ་བུ་ཞིག་བགྲད་བྱུང་། དུས་དེ་ནས་བཟུང་མོས་ང་མཐོང་ཡང་མ་མཐོང་ཁུལ་བྱེད་ལ། ངས་བོས་ཀྱང་མ་གོ་ཁུལ་བྱེད་དེ། མོས་ང་རང་དེ་ལྟར་དགྲ་ཟླ་ཞིག་གི་ཚུལ་དུ་བཞག་བྱུང་། ཡང་ན་ངོ་མི་ཤེས་པའི་མི་ཞིག་གི་ཚུལ་དུ་བཞག་བྱུང་།
ཉིན་དེ་ནས་བཟུང་ངས་ངེད་གཉིས་ཀྱི་བར་ཐག་གསལ་པོར་ཤེས་བྱུང(ཡང་གཅིག་བཤད་ན་ངས་སྔ་མོ་ཞིག་ནས་ཤེས་ཡོད)། འཇིག་རྟེན་སྟེང་གི་བར་ཐག་ཆེས་རིང་ཤོས་ནི་ཉི་མ་དང་ཟླ་བ་མ་ཡིན་པར་ངེད་གཉིས་ཀྱི་བར་ཐག་རེད་བསམས་བྱུང་། ངས་རང་གི་ལོ་ངོ་མང་པོའི་རིང་ལ་རྨི་ལམ་སྟོང་པ་ཞིག་རྨིས་པ་གསལ་པོར་ཤེས་བྱུང་། དེ་ཡང་ད་ལྟའི་དུས་རབས་འདིར་གདོད་མའི་སྤྱི་ཚོགས་བཞིན་རིགས་རུས་དང་གྲལ་རིམ་གྱི་དབྱེ་བ་གསལ་པོ་ཞིག་མེད་ན་ཡང་། མི་དང་མིའི་བར་ལ་ལས་བསྐོས་ཀྱི་མཐོན་པོའི་ཁྲི་ལ་བཞུགས་པའི་གཙོ་འཛིན་ནས་དམའ་མོའི་སྲང་ལ་ཉུལ་བའི་སྦྲང་པོའི་བར་དུ་མཐོ་དམའ་དྲག་ཞན་དབྱེ་བ་ནི་གསལ་པོ་ཡོད་པ་ཡིན། དེ་བས་མི་འགྱུར་དཔལ་སྒྲོན་ལགས་ནི་མཐོན་པོ་གནམ་ཞིག་ཡིན་ན། ང་ནི་དམའ་མོ་ས་ཞིག་ཡིན་པས། ངེད་གཉིས་དེ་ལྟར་ནམ་ཡང་དྲང་ཐིག་གཅིག་གི་སྟེང་དུ་འབབ་མི་ཐུབ། མི་འགྱུར་དཔལ་སྒྲོན་ནི་མོ་ཊ་བཏང་ནས་ལས་ཚོགས་སུ་འགྲོ་བའི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་དང་། ང་ནི་རྫོང་སྲིད་གཞུང་གི་སྒོ་དྲུང་དུ་ཉིན་གང་བོར་ལངས་ནས་སྡོད་དགོས་པའི་སྒོ་སྲུང་ཞིག་སྟེ། མགོ་པའི་གདོང་གི་དཀར་ནག་འཚོ་དགོས་ཞིང་། ལས་མ་ཡག་ཚེ་སང་ཉིན་ནས་ཁུག་མ་རྒྱབ་ལ་ཁུར་ཏེ་ཕྱིར་ཕ་ཡུལ་དུ་ལོག་དགོས་ཀྱང་སྲིད། དེ་བས་ངས་ངེད་གཉིས་ཀྱི་བར་ཐག་དེ་རི་བོ་ཁ་ཤས་ཀྱི་ཕ་རོལ་ལམ་ཆུ་བོ་ཆེན་པོ་ཞིག་གི་ཕར་ཚུར་ཙམ་མ་ཡིན་པར་གནམ་སའི་བར་ཐག་ཡིན་པ་གསལ་པོར་རྟོགས་སོང་། གནམ་སའི་བར་ཐག་ལས་ཀྱང་རིང་སྣང་ཤར་བྱུང་། ལྷག་པར་དུ་མོ་ལ་མེ་ཏོག་གནང་མཁན་གྱི་གསར་བུ་བདེ་ལྡན་དང་བསྡུར་ན། ངས་རང་ལ་རེ་བ་ཅི་ཡང་མེད་པ་གསལ་པོར་ཤེས་ཐུབ། དེ་ཡང་བདེ་ལྡན་ངེད་གཉིས་སློབ་ཆེན་པ་གཉིས་ཡིན་པ་འདྲ་འདྲ་ཡིན་ན་ཡང་། ང་ནི་རང་མི་རིགས་ཀྱི་སྐད་ཡིག་ལས་སྐད་ཡིག་གཞན་ལ་འཇོན་པོ་མེད་པས། ཁོས་རང་གི་ཕ་སྐད་མ་ཡིག་མི་ཤེས་ཀྱང་རྒྱ་ཡིག་ལ་ཤིན་ཏུ་མཁས་པས་སློབ་མཐར་ཕྱིན་ནས་ཡུན་རིང་མ་འགོར་བར་གཞུང་ཞབས་པར་རྒྱུགས་འཕྲོད་སོང་། ང་རང་ལ་མཚོན་ན་ངོམ་དུ་རི་བ་ཞིག་ཡོད་པ་ནི་སློབ་ཆེན་སྐབས་སུ་རྩོམ་བྲིས་ནས་ཐོབ་པའི་བྱ་དགའི་གཟེངས་རྟགས་དེ་དག་ཡིན་མོད། ཁོའི་གཡག་མགོ་རྟགས་ཅན་གྱི་རླངས་འཁོར་དེ་དང་བསྡུར་ན་ད་ལྟའི་དུས་རབས་འདིར་ངའི་གཟེངས་རྟགས་དེ་དག་ནི་བེད་མེད་ཀྱི་ཤོག་སྐྱ་ཁ་ཤས་ལས་ཅི་ཡང་མིན་འདུག དོན་ལ་བདེ་ལྡན་ཞེས་པའི་གསར་བུ་དེ་མེད་པའི་དབང་དུ་བཏང་ཡང་ངེད་གཉིས་ཀྱི་བར་ཐག་ལ་འགྱུར་བ་ཅི་ཡང་འབྱུང་མི་སྲིད་དེ། ཐོབ་དང་གོ་ས་རྒྱུ་དང་འབྱོར་བ་ཞེས་པའི་གཟུགས་མེད་ཀྱི་གྲལ་རིམ་དེས་ངེད་ཀྱི་བར་ཐག་སྔ་མོ་ནས་སོ་སོར་ཕྱེས་ཚར་འདུག
ང་དེ་ལྟར་རེ་ཞིག་ཕྱིར་དྲན་གྱི་ཀློང་དུ་འཕྱན་སོང་། གྲོགས་པོས་ཡིད་མ་ཆེས་པའི་མིག་མདངས་ཤིག་བསྟན་ནས“དེ་ཡིན་ན་བཟང་འདུག ཁྱོད་ཀྱིས་ང་ལ་གཅིག་ལྟོས་དང་ང་བུ་བུ་མོ་གསུམ་གྱི་ཕ་རེད། ད་ནི་ཁྱོད་ཀྱང་ཆུང་རྒྱུ་མི་འདུག་པས། མནའ་མ་ཞིག་ལེན་རན་ཡིན་པར་མ་ཟད་འཕྱིས་འདུག”ཟེར་ཞིང་རང་གི་བུ་ཆུང་གི་མཛུབ་མགོར་བཟུང་ནས་ཕར་ཕྱིན་སོང་། ངས་ཁོ་ཕ་བུ་གཉིས་ཀྱི་རྒྱབ་གཟུགས་ལ་ཧད་ནས་རིང་ཙམ་འདས།
ལས་གྲོལ་བྱས་རྗེས། ང་དེ་ལྟར་གོས་ནག་ས་ལ་བརྐྱངས་འདྲའི་ངོས་ཡངས་པའི་གཞུང་ལམ་ཞིག་གི་ཕ་རོལ་ཏུ་བརྒལ་གྱིན་ཡོད། ངས་ཁོག་སྟོད་ལ་སྟོད་གོས་ཁྲ་ཁྲ་ཞིག་དང་ཁོག་སྨད་ལ་རྗི་དོར་སྐྱ་བོ་ཞིག་གྱོན་ཡོད། ང་གང་དུ་འགྲོ་བཞིན་པ་དང་། དམིགས་ཡུལ་ཅི་ཞིག་གི་ཆེད་དུ་འགྲོ་བཞིན་པ། ང་རང་གིས་ཀྱང་མི་ཤེས། ཡིན་ན་ཡང་། ང་གཞུང་ལམ་ཆེན་པོ་འདི་བརྒལ་ནས། མུ་མཐའ་མེད་པའི་ལམ་ཞིག་དེད་ནས་རྒྱང་རིང་རྒྱང་རིང་ཞིག་ལ་འགྲོ་དགོས་པ་འདྲ། ལམ་དེ་འཇིགས་ཡེར་བའི་ནགས་ཁྲོད་ཅིག་ཏུ་འཐེན་ཡོད་ཅིང་། དེ་ཡི་མཐའ་ནི་རྒྱ་མཚོ་དང་ཡང་ན་གངས་རི་ལ་འབྲེལ་ཡོད་པ་འདྲ། ནགས་ཁྲོད་ཆེན་པོ་དེ་བརྒལ་རྗེས་སླར་ཡང་གཅོང་རོང་ཆེན་པོ་ཞིག་བརྒལ་དགོས་ཤིང་། དེ་ནས་སླར་ཡང་གངས་འཁྱག་དང་གྲང་ངར་གྱིས་བཟུང་བའི་ཡུལ་གྲུ་ཞིག་བརྒྱུད་དེ། ཚ་བས་གདུང་བའི་བྱེ་ཐང་ཆེན་པོ་ཞིག་བརྒལ་ན་ད་གཟོད་དམིགས་སར་སླེབས་ཐུབ་པ་འདྲ། ངའི་ཚོར་བའི་རི་ངོས་སུ་དེ་ལྟའི་འདུ་ཤེས་ཀྱི་སྐྱ་རིས་རབ་རིབ་ཙམ་ཡོད་པ་ལས། དོན་གྱིས་ང་རང་གང་ཞིག་ཏུ་འགྲོ་བ་དང་། ཅིའི་ཕྱིར་འགྲོ་བ། ང་རང་ལ་ཡང་གསལ་ཆ་གང་ཡང་མི་འདུག
ང་གཞུང་ལམ་དེ་བརྒལ་སྐབས་ལམ་མདོའི་དམར་ལམ་མེར་ཤར་བའི་གློག་དམར་དེ་ལ་སྣང་དོགས་གང་ཡང་མ་བྱས། ངས་རང་ལ་གློ་བུར་དུ་བྲེལ་འཚུབ(ང་ནི་རྣམ་ཀུན་མི་ལྷུན་ཆགས་དལ་བྲེལ་མེད་པ་ཞིག་ཡིན)དེ་འདྲ་ཞིག་ལངས་དགོས་དོན་ག་རེ་ཡིན་པ་དངོས་གནས་མི་ཤེས། སྐབས་དེའི་ང་ནི་གཟུགས་མེད་ཀྱི་དངོས་པོ་ཞིག་གིས་རྒྱབ་ནས་འདེད་བཞིན་པའམ། ཡང་ན་གཟུགས་མེད་ཀྱི་སྒྱུ་འཕྲུལ་གང་ཞིག་གིས་མདུན་དུ་ཁྲིད་ནས་འགྲོ་བ་དང་འདྲ། ང་དེ་ལྟར་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ལམ་མདོའི་གློག་དམར་དེ་ལ་སྣང་དོགས་མ་བྱས་པར་ངོས་ཡངས་པའི་གཞུང་ལམ་དེའི་དཀྱིལ་ཙམ་ལ་སླེབས་པ་ན། རླངས་འཁོར་ནག་པོ་ཞིག་ང་ལ་གཏད་ནས་བྱ་རྒྱལ་རྒོད་པོས་ནམ་འཕང་གཅོད་པ་བཞིན་འཕུར་ཡོང་། ངོ་མ་རླངས་འཁོར་དེ་བརྒྱུགས་ནས་མ་ཡོང་བར་འཕུར་ནས་སླེབས་བྱུང་། བསམ་བཞིན་དུ་ང་གཏད་དེ་འཕུར་ནས་ཡོང་བ་རེད། དེ་ལྟར་མིན་ན་ང་དེ་ལ་བདེ་ལྕག་འཁྱུག་པོས་གཟུར་ཆོག་ཆོག་ཡིན། རླངས་འཁོར་དེ་དངོས་གནས་འཕུར་ཡོང་བ་རེད། ཆེས་མ་མཐའ་ཡང་ངའི་མིག་ལམ་དུ་དེ་འདྲ་ཞིག་རེད། རླངས་འཁོར་དེ་དེ་ལྟར་འཕུར་ཡོང་ནས་བསམ་དབང་དྲན་དབང་མ་བྱིན་པར་ང་ལ་ཐུག་བརྒྱབ་བྱུང་། གཡག་རྒོད་ཅིག་གིས་སྤྱང་ཕྲུག་ཅིག་རྭ་རྩེར་བླངས་པ་བཞིན་ང་རང་ངོས་ཡངས་པའི་གཞུང་ལམ་དེའི་སྒང་ནས་རླངས་འཁོར་དེས་མཐའ་ཡས་པའི་བར་སྣང་དུ་གཡུག་བྱུང་། དེ་ནི་ད་སྔོན་འཕུར་ཡོང་བའི་རླངས་འཁོར་དེའི་གཤོག་པ་ང་ལ་ཐོགས་ནས་བར་སྣང་དུ་འཕུར་བཞིན་པ་དང་འདྲ། ཡིན་ན་ཡང་། ཡུད་ཙམ་མ་འགོར་བར་ང་རང་མཁའ་དབྱིངས་ནས་མར་ལྷུང་བྱུང་། དེ་ནི་གཤོག་གཡས་རྨས་པའི་བྱེའུ་ཞིག་དང་འགས་གཏོར་བྱུང་བའི་གནམ་གྲུ་ཞིག་ས་ལ་ལྷུང་བ་དང་འདྲ། ང་དེ་ལྟར་ལྗིད་ཏིག་གེར་ས་ལ་ལྷུང་ནས་ཡན་ལག་ཐམས་ཅད་འགུལ་མེད་དུ་གྱུར་སོང་།
ད་ནི་སྲིབ་ཀྱི་གྲིབ་མ་ནག་པོ་དེ་ཡང་ཡོལ་བ་ཆེན་པོ་ཞིག་དང་འདྲ་བར་གཞུང་ལམ་དེའི་དཀྱིལ་དུ་འཐེན་འདུག ངའི་ཁ་ནས་དབུགས་ཧལ་ཧལ་བྱེད་ཀྱིན་ཡོད་ན་ཡང་། མཐོང་ལམ་ཡོད་ཚད་མུན་རིབ་པ་བཞིན་རབ་རིབ་ཏུ་གྱུར་ཅིང་། ཡན་ལག་རྣམས་འགུལ་འདོད་ཀྱང་འགུལ་ཐབས་མེད་པར་གྱུར། ངའི་རྣ་ལམ་དུ་རྒྱང་རིང་རྒྱང་རིང་ཞིག་ནས་སྒྲ་ཞིག་མཆེད་ཡོང་། སྒྲ་དེ་དེ་འདྲའི་གསལ་པོ་ཞིག་མིན་ན་ཡང་། ངས་རྒྱང་རིང་ཞིག་ནས་སྒྲ་ཞིག་གྲག་གིན་པ་ཚོར་ཐུབ་ཀྱིན་འདུག སྒྲ་དེ་རིམ་གྱིས་ང་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་ཅིང་། ངའི་མཐོང་ལམ་གྱི་འོད་སྣང་ཡང་རིམ་གྱིས་རབ་རིབ་ནས་མག་མོག་ཏུ་གྱུར་སོང་། སྒྲ་དེ་དང་འོད་སྣང་དེ་གཉིས་ང་དང་བར་ཐག་ཇེ་རིང་དུ་གྱུར་བ་དང་བསྟུན་ནས་ངའི་དབུགས་ཀྱི་རྒྱུ་བ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། དེ་ལྟར་གཞུང་ལམ་ཆེན་པོ་དེའི་དཀྱིལ་དུ་ང་རང་གློ་བུར་དུ་རླུང་ལྡང་བ་བཞིན་མི་འདོད་ཕྱི་མའི་འཕྲང་རིང་འགྲིམ་སོང་།
སྐབས་དེར་གཞུང་ལམ་ཆེན་པོ་དེར་མི་ཚོགས་ཀྱིས་ཁེངས་ཤིང་མི་ཚོགས་དེ་དག་གིས་བདག་གི་བེམ་པོའི་མཐའ་བསྐོར་ནས་འདུག མི་ཁ་ཤས་ཤིག་གིས་ངའི་བེམ་པོ་མཐོང་མ་ཐག་དེ་ལ་གཟུར་ནས་བྲེལ་བྲེལ་གྱིས་རང་གི་དམིགས་སར་ཆས་འགྲོ། བུ་མོ་འགའ་ཞིག་གིས་གཞུང་ལམ་དུ་མི་ཞིག་དེ་ལྟར་གློ་རྡེག་ཏུ་ཤི་བའི་ཚུལ་དེར་བལྟར་མ་བཟོད་པར་དེ་ལ་གཡོལ་ནས་འགྲོ། བསམ་བཟང་གི་རྒན་པོ་མགོ་སྐྲ་ཡང་སེ་བོང་གྱུར་པ་ཁ་ཤས་ཀྱིས་བདག་གི་བེམ་པོར་ཡང་ཡང་རེག་ཡོང་། ཁོ་ཚོས་ང་རང་གསོན་ཐབས་མེད་པ་རྟོགས་རྗེས། མིག་མཐར་མཆི་མ་འཁྱིལ་ཞིང་། ངག་ནས་རེ་འགར་གསལ་ལ་རེས་འགར་མི་གསལ་བའི་མ་ཎི་ཡིག་དྲུག་གི་གཟུངས་སྔགས་བཟླས་ཡོང་། ད་དུང་རྒན་པོ་ལོ་ལོན་འཁར་བ་བཟུང་མཁན་ཞིག་གིས“རྒྱུ་མི་རྟག་རྫ་མགོའི་ཟིལ་བ་འདྲ། ཚེ་མི་རྟག་ལ་ཁའི་ཉི་མ་འདྲ་ཟེར་བ་ཅིས་མ་བདེན། ཤ་དར་ཁྲག་དར་གྱི་གསར་བུ་འདི་ཨང······”ཞེས་ཤུགས་རིང་ཞིག་འཐེན་པ་དང་། ང་རང་དཔེ་གཞིར་བཟུང་ནས་འཇིག་རྟེན་འདིའི་ལས་གང་ལ་རྟག་བྱ་མེད་པའི་ཚུལ་དེ་རྒྱས་པར་སྤྲོས་ཡོང་། དེའི་གམ་དུ་ཡོད་པའི་རྒན་རྒོན་ཁ་ཤས་ཀྱིས་ཀྱང་དེ་ལ་འཐད་པའི་ཚུལ་དུ་མགོ་བོ་ནང་དུ་གུག་གུག་བྱེད་པ་དང་། ཡིད་ཆད་དང་སྙིང་རྗེ་འདྲེས་པའི་ཤུགས་རིང་བསྟུད་མར་འབྱིན་ཡོང་། ཁོ་ཚོས་གསར་བུ་ཤ་དར་ཁྲག་དར་ཞིག་འདི་ལྟར་སྐད་ཅིག་ལ་ལྔ་ལམ་དུ་བརྫངས་པར་བློས་མ་བཟོད་པའི་མིག་མདངས་དེ་ངས་རབ་རིབ་མག་མོག་ཅིག་ལས་མཐོང་མ་བྱུང་།
སྐབས་དེར་ངོས་ཡངས་པའི་གཞུང་ལམ་དེར་རླངས་འཁོར་དང་མི་ཚོགས་གྲོག་ཚང་བརྡོལ་བ་ལྟར་རུབ་འདུག་ཅིང་། གྲོག་ཚང་བརྡོལ་བ་ལྟ་བུའི་རླངས་འཁོར་དང་མི་ཚོགས་དེ་དག་གི་བར་ནས་མྱུར་སྐྱོབ་རླངས་འཁོར་དམར་ཁྲ་ཞིག་མདའ་འཕངས་པ་ལྟར་བརྒྱུགས་བྱུང་། བདག་གི་བེམ་པོ་རླངས་འཁོར་ནང་བཞག་ནས་གྲོག་ཚང་བརྡོལ་བ་ལྟ་བུ་མི་ཚོགས་ཀྱི་གསེབ་ཏུ་མདའ་འཕངས་པ་ལྟར་བརྒྱུགས་སོང་། མྱུར་སྐྱོབ་རླངས་འཁོར་དེ་འདི་ལས་ཅུང་ཙམ་གྱི་སྔོན་དུ་ཐོན་ཡོད་ན། ང་ལ་དབུགས་རྟ་ཡི་མཇུག་མ་ཙམ་ཞིག་ལྷག་ཡོད་ཀྱང་སྲིད། ཡིན་ཡང་མྱུར་སྐྱོབ་རླངས་འཁོར་དེ་ཡུན་རིང་ལོག་རྒྱུ་མ་བྱུང་། ད་ལྟ་ང་ལ་དེར་བསྒུག་པའི་སེམས་ཤུགས་ལུས་ཤུགས་གཉིས་ཀ་མི་འདུག གསོན་ངོགས་སུ་ཡོད་དུས་མྱུར་སྐྱོབ་ཟེར་བ་དང་། བདེ་འཇགས་ཉེན་རྟོག་པ་ཟེར་བ་དེ་གནས་གང་ཞིག་ལ་དོན་རྐྱེན་བྱུང་ཚར་རྗེས། ད་གཟོད་འཇིགས་འཇིགས་རྔམ་རྔམ་བྱས་ནས་ཐོན་པ་ལས། སྐབས་ཐོག་དེ་རང་ལ་ཐོན་ཐབས་བྲལ་བའི་ཚུལ་དེ་ངས་གསལ་པོར་ཤེས་མོད། ང་རང་གི་ཚེ་སྲོག་ལ་རྫོགས་ཚིག་འགོད་རན་པའི་བར་གླགས་དེར་དེ་ལ་རེ་བ་ཉག་ཙམ་བཟུང་བ་ཡིན། ཡིན་ཡང་། རྣམ་ཀུན་དང་འདྲ་བར་དེ་དག་གིས་ངའི་རེ་གཞག་ཆུ་ལ་བསྐུར་བྱུང་། ཡང་གཅིག་བཤད་ན་ཁོ་ཚོར་ཡང་ཁག་ཅི་ཡོད་དེ།
དོན་གྱིས་གནད་དོན་ཐམས་ཅད་ཀྱི་འབྱུང་རྩ་ང་རང་ཉིད་ལན་པ་རེད། ངས་གློག་དམར་དེར་བསྒུགས་ནས་ཏོག་ཙམ་བསྡད་ཡོད་རྒྱུ་ན། རླངས་འཁོར་ནག་པོ་དེ་དེ་ལྟར་མྱུར་དུ་བྱ་འཕུར་བ་ལྟར་བཞུད་འགྲོ་ངེས་ཡིན་ལ། དེ་ནས་ཡུན་རིང་མི་འགོར་བར་གློག་དམར་གཟིམས་ནས་གློག་ལྗང་བཀར་ངེས་ཤིང་། གློག་ལྗང་ཤར་བའི་ཚེ་ན་ང་བདེ་འཇགས་ངང་གཞུང་ལམ་དེའི་ཕ་རོལ་དུ་བརྒལ་ཆོག ངས་དེ་ལྟར་རང་གི་ཆེས་གཅེས་པའི་ཚེ་སྲོག་དེ་འདི་ལྟར་བསམ་དབང་དྲན་དབང་མེད་པར་གཞུང་ལམ་ཆེན་པོ་དེའི་དཀྱིལ་དུ་ཤོར་བར་འགྱོད་པ་སྐྱེས་བྱུང་། ང་ད་དུང་འཆི་མི་འདོད། ང་ད་དུང་དངོས་གནས་འཆི་མི་འདོད། ཡིན་ན་ཡང་། འཆི་བ་ནི་རི་གཟར་རྦབ་རྡོ་བཞིན་ཡོ་གཟུར་མེད་པར་བདག་གི་ཐོག་ལ་བབས་པས་བྱ་ཐབས་བྲལ་སོང་།
ད་ལྟ་ངས་རང་ཉིད་ཤི་ཟིན་པ(ངའི་རྣམ་ཤེས་རང་གི་ལུས་པོ་དང་བྲལ་ཡོད་ན་ཡང་ངའི་རྣམ་ཤེས་ཤི་མེད)དང་། སླར་ཡང་གསོན་པའི་རེ་བ་མེད་པ་ཤེས་ན་ཡང་། ངས་རང་ཉིད་གང་དུ་འགྲོ་དགོས་པ་གཏན་ནས་མི་ཤེས། དེ་བས་མྱུར་སྐྱོབ་རླངས་འཁོར་དམར་ཁྲ་དེའི་ནང་དུ་བཞག་པའི་རང་གི་བེམ་པོའི་རྗེས་དེད་ནས་སྨན་ཁང་དུ་སོང་བ་ཡིན།
སྨན་ཁང་དུ་སླེབས་ནས་ཡུད་ཙམ་སོང་རྗེས་བདག་གི་ཁྱིམ་མི་དག་དེར་སླེབས་ཤིང་ངུ་ལྡིར་གནམ་ས་གང་བ་ལྟ་བུ་ཞིག་བྱས་སོང་། ཁོ་ཚོའི་ངུ་འབོད་དང་མཆི་མ་དང་འགྲོགས་ནས་ངའི་བེམ་པོ་ཕ་ཡུལ་གྱི་ཕྱོགས་སུ་ཁྱེར་སོང་། ང་ཡང་དེ་དང་མཉམ་དུ་ཕ་ཡུལ་ལ་སོང་།
འཇིག་རྟེན་གསོན་ངོགས་ནས་འདི་ལྟར་མི་འདོད་བཞིན་འགྲོ་དགོས་བྱུང་དུས། ངས་བློས་མི་ཆོད་པ་ནི་མི་འགྱུར་དཔལ་སྒྲོན་ལགས་ཡིན་ལ། ང་དེ་ལྟར་གཞུང་ལམ་གྱི་དཀྱིལ་དུ་དབུགས་ཀྱི་རྒྱུན་ཐག་ཆད་ནས་འཆི་ལ་ཉེ་དུས་ཀྱང་། ངས་མོ་རང་མི་ཚོགས་དཀྱིལ་ནས་བྲེལ་འཚུབ་ཀྱིས་སླེབས་ནས་ང་རང་བསྐྱོར་བྱུང་ན་ཅི་མ་རུང་བསམས་མྱོང་། ཡིན་ན་ཡང་། ང་རང་འཇིག་རྟེན་འདི་ནས་གཏན་བྲལ་དུ་འགྲོ་བར་བློས་མི་ཆོད་མཁན་དེ་ནི་མི་འགྱུར་དཔལ་སྒྲོན་སོགས་སུ་ཡང་མ་ཡིན་པར་ང་རང་གི་མ་དྲིན་མོ་ཆེ་ཁོང་ཡིན་འདུག མ་དྲིན་མོ་ཆེས་ཡབ་ཡུམ་ཟུང་གི་ཚབ་བྱས་ནས་ང་རང་འདི་ལྟར་བྱིས་པ་དམར་འབྱར་ཞིག་ནས་མི་དར་མ་ཞིག་ཆགས་སུ་བཅུག་པ་རེད། མོས་རང་གི་གཅེས་པའི་བུ་ཆུང་གློ་བུར་དུ་འཇིག་རྟེན་འདི་ནས་མར་མེ་རླུང་གིས་གཟིམ་པ་བཞིན་བཞུད་སོང་བ་གོ་དུས། མྱ་ངན་གྱི་ཚིག་གཅིག་ཀྱང་ངག་ལས་མ་ཁྲོལ་བར་དྲན་མེད་དུ་བརྒྱལ་སོང་། སྐབས་དེར་ང་མོའི་གམ་དུ་སོང་ནས་མོའི་གདོང་ངོས་ཀྱི་ཤམ་ཤུམ་དུ་བཞུར་བའི་མིག་ཆུ་ལག་པས་ཕྱིས།(དོན་གྱིས་ད་ལྟ་ང་ལ་ལག་པ་ཞིག་གང་ནས་ཡོད་ཨང)འོན་ཀྱང་ངས་མོའི་མིག་ཆུ་རྡོག་གཅིག་ཀྱང་ཕྱི་མ་ཐུབ། ཨ་མ། ང་ཤི་མེད། (སྐབས་དེར་ངས་དངོས་གནས་རང་ཉིད་ཤི་མི་འདུག་སྙམ)ང་འདི་ན་ཡོད་ཅེས་མགོ་བོ་མོའི་པང་དུ་བཞག་ནས་སྐད་གསང་མཐོན་པོས་བོས་ཀྱང་མོས་ཅི་ཡང་ཐོས་ཀྱིན་མི་འདུག རེད། ང་ཤི་ཟིན་པ་མ་ཡིན་ནམ། ངས་རང་ཉིད་སླར་ཡང་ཤི་ཟིན་པ་རྟོགས་སོང་།
དེ་ལྟར་ཉེ་མི་དག་གི་སྡུག་བསྔལ་དང་སྨྲེ་ངག་ཁྲོད་ནས་ཉིན་བདུན་འགོར་རྗེས། ངའི་བེམ་པོ་དེ་སྔགས་ནག་རལ་བ་ཅན་ཞིག་གི་ཕྱག་ལ་བཞག་བྱུང་། གསོན་ངོགས་སུ་ཡོད་དུས་ངས་རང་ཉིད་ཀྱི་བེམ་པོ་བྱ་རྒོད་ཀྱིས་ཟ་མིན་ལ་དོགས་པ་བྱས་མ་མྱོང་བ་བཞིན། དེ་རིང་ཡང་ངའི་བེམ་པོའི་མཐའ་འཁོར་དུ་བྱ་རྒོད་མང་པོ་བབས་བྱུང་། བྱ་རྒོད་མང་པོས་ད་དུང་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་གིན་འདུག འབུ་སྦྲང་འགའ་ཡང་ཝང་སྒྲ་དང་བཅས་ངའི་བེམ་པོའི་མགོ་ཐོག་ནས་ཕར་འཕུར་ཚུར་འཕུར་བྱེད། ངའི་ཟེར་ན་ཡང་མི་འགྲིག་སྟེ། ད་ལྟ་བེམ་པོ་འདི་དང་ངེད་གཉིས་ལ་འབྲེལ་བ་ཅི་ཡང་མེད་པ་འདྲ་སྟེ། ལུས་པོ་དེའི་ཡན་ལག་གཅིག་ཀྱང་ང་ལ་མི་དབང་། དྲང་མོར་བཤད་ན་ང་བེམ་པོ་འདིར་ཞུགས་ནས་ཡར་ལངས་འདོད། ཡང་ན་ང་བེམ་པོ་འདིར་ཞུགས་ནས་མར་གཉིད་ཀྱང་ཆོག་སྟེ། ངས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་དབྱར་ཚ་བས་དུས་སུ་ཉི་མས་འཚིག་ཏུ་མ་བཅུག དགུན་གྲང་བའི་དུས་སུ་ཁ་བས་འཁྱགས་སུ་མ་བཅུག་པར་གཅེས་ཤིང་གཉོར་ནས་ཡོང་བའི་ལང་ཚོ་འདི་དེ་ལྟར་སྟ་གྲིའི་སོ་ཁར་ཕངས་མེད་དུ་འཕེན་པ་མཐོང་སྐབས། ངའི་སེམས་ལ་ཅི་གང་གིས་ཀྱང་མཚོན་དུ་བྲལ་བའི་སྐྱོ་བ་ཆེན་པོ་ཞིག་སྐྱེས་བྱུང་། དེ་བས། ངས་འདི་ནི་གཉིད་ཐུན་གཅིག་གི་རྨི་ལམ་ཡིན་ན་ཅི་མ་རུང་སྙམ། ང་རང་རྨི་ལམ་དེ་ལས་མྱུར་དུ་སད་ན་ཅི་མ་རུང་སྙམ། ཡིན་ན་ཡང་། སྔགས་རྒན་དེས་ཁྲག་གིས་དམར་ཟིང་ངེ་བྱེད་པའི་སྟ་གྲི་ཞིག་བཟུང་ནས། ངའི་མགོ་རྐང་ལག་སོགས་ཡན་ལག་སོ་སོ་གོ་རིམ་ལྡན་པའི་ངང་ནས་ཕྲལ་ཏེ། སེར་སྣ་དང་ཕངས་སེམས་ཅི་ཡང་མེད་པར་བྱ་རྒོད་དེ་དག་གི་མདུན་དུ་དམར་ཟེང་ངེར་འཕངས་བྱུང་། དེ་ལྟར་ངའི་བེམ་པོ་ནི་བྱ་རྒོད་མང་པོའི་གཟན་དུ་གྱུར་ཅིང་། མགོ་སྐྲ་རླུང་གིས་ཁུར། དོན་སྣོད་ཚལ་བར་ཕྲལ། ཐ་ན་བདག་གི་རྐང་པ་ཡ་གཅིག་ཁྱི་ལྡོམ་དམར་རྒྱ་ཞིག་གིས་ཁ་ནང་ལ་བཟུང་ནས་བུད་སོང་ཡང་། ང་རང་སད་རྒྱུ་མ་བྱུང་། ང་རང་དངོས་གནས་སད་རྒྱུ་མ་བྱུང……
སྒེའུ་ཁུང་ཕྱི་རོལ་དུ་རིམ་གྱིས་སྨག་ཆད་ནས་ས་རུབ་ཀྱིན་འདུག ནང་དུ་མལ་ཁྲི་སྟོང་པ་དེ་དང་དེའི་སྟེང་ལ་གན་རྐྱལ་དུ་ཉལ་བའི་ང་། དེའི་ཁ་གཏད་དུ་ཡོད་པའི་མདུན་ཅོག དེའི་སྟེང་དུ་ཡོད་པའི་ཇ་ཕོར་སྟོང་པ་དེ། དེ་དག་ཡོད་ཚད་ཧ་ཅང་ཁུ་སིམ་མེར་གནས།
ང་ཡར་ལངས་ནས་སྒོ་ཕྱི་ལ་བུད་པ་ན། ནམ་མཁའ་སྔར་བཞིན་སྟོང་ལྷང་ངེར་གནས། དེ་རུ་སྤྲིན་པ་ཡུག་གཅིག་ཀྱང་མི་སྣང་ལ། ཟླ་བ་དང་སྐར་ཚོགས་ཀྱང་མི་འདུག ངས་རང་གི་ལག་པའི་གོང་མཛུབ་སྤྱད་ནས་མཁའ་དབྱིངས་སུ་སྤྲིན་པ་ཁ་ཤས་བྲི་འདོད་སྐྱེས། དེའི་དབུས་སུ་དཀར་གསལ་གྱི་ཟླ་བ་དང་དེའི་མཐའ་རུ་སྐར་ཚོགས་ཀྱི་ཕྲ་རྒྱན་བཏབ་འདུག ད་དུང་རྒྱས་སྤྲོས་ཀྱི་གཟིམ་ཤག་དང་རྔམ་བརྗིད་ཀྱི་རླངས་འཁོར། བསིལ་དྲོད་སྙོམས་པའི་རྫིང་བུ། མེ་ཏོག་གི་འདབ་རྒྱ་གྲོལ་བའི་སྐྱེད་ཚལ་དང་། དེ་རུ་བཞུགས་པའི་མི་འགྱུར་དཔལ་སྒྲོན་སོགས······
རྩོམ་པ་པོ་ངོ་སྤྲོད།
1995ལོར་མགོ་ལོག་པདྨ་རུ་སྐྱེས། 2019ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་ཤེས་རམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས། སྔ་ཕྱིར《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ》དང《གངས་རྒྱན་མེ་ཏོག 》《མཚོ་སྔོན་བོད་ཡིག་གསར་འགྱུར》 《གཞིས་ཀ་རྩེའི་ཚགས་པར》《མང་ཆུ 》《གངས་དཀར་རི་བོ》《རི་བོ་ཉི་ཟླ 》《གངས་ཀྱི་རོལ་དབྱངས》《ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རིག་དེབ》སོགས་སུ་སྙན་ངག་ལྷུག་རྩོམ་བརྩམས་སྒྲུང་དཔྱད་རྩོམ་སོགས་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་མི་ཉུང་ཙམ་སྤེལ། 2016ལོར་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས་སྤེལ་བའི་བོད་ཀྱི་སློབ་ཆེན་སློབ་མའི་ལྷུག་རྩོམ་འགྲན་བསྡུར་ཁྲོད་ཨང་གསུམ་པའི་བྱ་དགའ་ཐོབ། 2017ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གངས་ཀྱི་རོལ་དབྱངས་རྩོམ་རིག་བྱ་དགའ་ཐོབ། ད་ལྟ་ལས་ཞོར་དུ་རྩོམ་རིག་གསར་རྩོམ་ལ་འབད་མུས་སུ་མཆིས།