ཁྱི་གུ་ཐར་གྱི་སྐྱེས་སྐར་གྱི་ཉིན་མོར་ལོ་མང་རི་ཁྲོད་འགྲིམས་པའི་གྲུབ་ཐོབ་ཡེ་ཤེས་མཆོག་གློ་བུར་ཁོ་ཚང་གི་སྒོ་ཁར་སླེབས་བྱུང་། ཁྱི་གུ་ཐར་གྱིས་གྲུབ་ཐོབ་ཚང་མཐོང་འཕྲལ་མྱུར་བར་རང་ལུས་གད་དར་དང་བཅས་གུས་བཀུར་སྒོ་ནས་ཁམས་འདྲིའི་སྐད་ཆ་འབུལ་རྩིས་བྱས་པར་གྲུབ་ཐོབ་ཡེ་ཤེས་མཆོག་གིས“ཁྱི་གུ་ཐར། ཁྱོད་ལ་ཉིན་བཅུའི་ཚེ་ཚད་ལས་མི་འདུག”ཅེས་བཤད་མ་ཐག་རླུང་འཚུབ་ཅིག་ལྡང་བ་དང་མཉམ་དུ་མི་སྣང་བར་གྱུར། སྐད་ཆ་དེ་ཐོས་འཕྲལ་ཁྱི་གུ་ཐར་གྱི་ཡིད་ངོར་རང་གི་ཨ་ཕ་དང་ཨ་མྱེས་གཉིས་དྲན་བྱུང་། སྔོན་ཆད་གྲུབ་ཐོབ་ཡེ་ཤེས་མཆོག་གིས་ཨ་མྱེས་ལ་ལོ་བཅུའི་ཚེ་ཚད་ལས་མི་འདུག་ཅེས་གསུང་པར་ཨ་མྱེས་ལོ་བཅུའི་རྗེས་སུ་གཤེགས་ལ། ཨ་ཕ་ལ་ལོ་གཅིག་གི་ཚེ་ཚད་ལས་མི་འདུག་ཅེས་གསུང་པར་ཨ་ཕ་ཡང་ལོ་གཅིག་གི་རྗེས་སུ་ནད་རྟགས་གང་ཡང་མེད་པར་ཚེ་ལས་འདས། ད་ནི་རང་ལ་ཉིན་བཅུའི་ཚེ་ཚད་ལས་མེད་པའི་གཏམ་དེ་ཐོས་ཚེ་ཁྱི་གུ་ཐར་གྱི་མིག་ཟུང་གློ་བུར་མུན་པས་བསྒྲིབས་ཤིང་རྐང་གཉིས་ལ་ཤེད་ཤུགས་གང་ཡང་མེད་པར་ཐང་ལ་འགྱེལ།
ཉིན་གཉིས་ཀྱི་རིང་དུ་ཁྱི་གུ་ཐར་མཚན་མོར་གཉིད་མ་ཁུགས་ཤིང་ཉིན་མོར་ཟས་ཁམ་གང་ཡང་ཁོག་ལ་མ་སོང་པས་ཁ་ལྕེ་སྐམ་ཞིང་རྒྱགས་ཤ་ཆེ་བའི་ལུས་པོ་མངོན་གསལ་གྱིས་རིད་པར་གྱུར། ཁྱི་གུ་ཐར་གྱི་ཨ་མས་ཚུལ་དེ་མཐོང་རྗེས་ཨ་ཁུ་དོན་འགྲུབ་ཟེར་བའི་མི་དེའི་སྡིགས་མོ་ལ་མ་འཛེམ་པར་ཁོ་ལ་བདག་སྐྱོང་བྱས་ཤིང་སྐད་ཆ་སྣ་ཚོགས་དྲིས་ཀྱང་ཁྱི་གུ་ཐར་གྱིས་གྲུབ་ཐོབ་ཡེ་ཤེས་མཆོག་གི་གསུང་རྣམས་ཨ་མར་མ་བཤད།
“བུ། བདེ་སྐྱིད་སྒྲོལ་མ་ཁྱེད་ཀྱི་ཆུང་མར་མ་བསུས་པས་ཁྱེད་རང་མ་དགའ་བ་ཡིན་ནམ” ཨ་མས་ཧ་ཅང་བློ་ཐག་ཆོད་པའི་མིག་ཟུང་གིས་ཁོ་ལ་བལྟས་ཏེ་བཤད།
ཁྱི་གུ་ཐར་གྱིས་མིན་པའི་བརྡ་རུ་མགོ་བོ་འཕྲེད་དུ་གཡུགས།
“བུ། འུ་ཚང་ནི་རུས་རྒྱུད་དཀར་པོ་གངས་འདྲ་ཡིན། བསེ་དྲི་ཅན་ཞིག་ཆུང་མར་བླངས་ཚེ་ཁྱིམ་རྒྱུད་འདིའི་རུས་ལ་ཚོན་མདངས་ནག་པོ་བྱུགས་པ་དང་གཉིས་སུ་མེད།” ཨ་མས་དེ་ལྟར་བཤད་པར་ཁྱི་གུ་ཐར་གྱིས་སྐད་ཆ་ཅི་ཡང་མི་བཤད་པར་རྒྱབ་གཟུགས་ཨ་མར་གཏད་དེ་ཉལ་བྱུང་།
ཉིན་གསུམ་པའི་མཚན་མོའི་དུས་སུ། ཁྱི་གུ་ཐར་གྱིས་རྨི་ལམ་ཞིག་རྨིས་བྱུང་། རྨི་ལམ་ཁྲོད་མི་ཚོགས་ཀྱི་འཚང་ཁ་ཤིན་ཏུ་ཆེ་བའི་ཁྲིམས་ར་ཞིག་ཏུ་ཁོ་དང་བདེ་སྐྱིད་སྒྲོལ་མ་གཉིས་ཀྱིས་གཉེན་སྒྲིག་གི་ཆོ་ག་སྤེལ་བཞིན་མཆིས། དུས་དེར་ཁྲིམས་རའི་ཚོགས་དཔོན་གྱིས་ཤིང་གི་ཐོ་བ་གནམ་ལ་ཕྱར་ཏེ་མདུན་ཅོག་སྟེང་ལན་གསུམ་བརྡུངས་རྗེས“ཁྱེད་གཉིས་ཀྱི་རུས་མདོག་མི་གཅིག་པས་གཉེན་སྒྲིག་བྱེད་མི་ཆོག”ཅེས་བཤད་པར་མི་ཚོགས་ཀྱི་འུར་ཟིང་ལྷོད་འཇགས་སུ་གྱུར་ལ་ཁྱི་གུ་ཐར་གྱིས་བདེ་སྐྱིད་སྒྲོལ་མ་དམ་པོར་བསྡམས་ཏེ་སྐད་གསང་མཐོན་པོས“ངེད་གཉིས་ཀྱི་ཞེ་སེམས་མཐུན་ན་རུས་མདོག་ཅི་ཡིན་འབྲེལ་མེད་ཅིག་མིན་ནམ”ཞེས་བཤད་མ་ཐག མི་ཚོགས་ཀྱི་འུར་ཟིང་ནི་ཐལ་མོ་བརྡབས་པའི་སྒྲ་རུ་གྱུར། ཁྲིམས་རའི་ཚོགས་དཔོན་གྱིས་ཤིང་གི་ཐོ་བས་ཡང་བསྐྱར་ལན་གསུམ་བརྡུངས་ཏེ“ད་ནི་ཁྱོད་ལ་ཉིན་བདུན་གྱི་ཚེ་ཚད་ལས་མི་འདུག”ཅེས་སྨྲས་པར་ཁྱི་གུ་ཐར་ལ་འཇིགས་སྣང་ཞིག་སྐྱེས་ཏེ་མལ་ལས་སད་ཅིང་ཕོ་བས་བཀྲེས་ལྟོགས་ཀྱི་ངར་སྐད་སྒྲོག་བཞིན་འདུག མུན་པའི་གཡོགས་པའི་ཁང་ཁྱིམ་ལས་ཁྱི་གུ་ཐར་གྱིས་ཨ་མས་བསྐོལ་བའི་ཕྱེ་ཐུག་ཧུབ་ཀྱིས་འཐུང་བཞིན་པ་ཨ་མས་ཐོས་ཤིང་ཞལ་ལ་འཛུམ་མདངས་ཤིག་རྒྱས་བཞིན“བུ། སང་ཉིན་ང་རང་ཕྱིར་འགྲོ་དགོས། དེ་མིན་ཨ་ཁུ་དོན་འགྲུབ་ཀྱིས་སྐད་ཆ་འདྲ་མིན་བཤད་འོང”ཞེས་བཤད་པར། ཁྱི་གུ་ཐར་གྱི་ཡིད་ངོར་ལོ་ངོ་མང་པོ་ཞིག་གི་ཡར་སྔོན་ལ་ཨ་མ་དོན་འགྲུབ་ཟེར་བའི་སྐྱེས་པ་དེའི་རྗེས་འབྲངས་དུས་ཀྱང་ཁང་ཁྱིམ་འདིར་ད་ལྟ་ཇི་བཞིན་མུན་ནག་དང་བཀྲེས་ལྟོགས་ཀྱིས་མནར་ཡོད་ལ། ཡང་གྲུབ་ཐོབ་ཡེ་ཤེས་མཆོག་གིས་བཤད་པ་ལྟར་ན་ད་ནི་ཁོ་ལ་ཉིན་བདུན་གྱི་ཚེ་ཚད་ལས་མེད་པས་ཁེར་རྐྱང་དང་འཇིགས་སྣང་གི་སེམས་ཚོར་ཞིག་སེམས་ཀྱི་བུ་གར་འཛུལ་བར་ཁོས་ཕྱེ་ཐུག་གི་དཀར་ཡོལ་ཅོག་སྒྲོམ་སྟེང་བཞག་ཅིང་མིག་མཐར་མཆི་མ་འཁྱིལ་ཞིང་སྐད་ངག་འདར་འདར་གྱིས“ཨ་མ། ད་རུང་ཉིན་འགར་སྡོད་དང་། ངའི་ཁྱེད་ཀྱི་ལས་པའི་ཆུ་མོག་ཟ་འདོད”ཅེས་བཤད་པར་ཨ་མས་ཀྱང་ཁོའི་ངག་འདར་འདར་བྱེད་པ་ཐོས་འཕྲལ་སེམས་པ་སྙི་སྟེ“བུ། དེས་ན་སང་ཉིན་ངས་ཁྱེད་ལ་ཆུ་མོག་ལས” ཞེས་སྨྲས།
ཉིན་བཞི་པའི་ནངས་མོར། ཁྱི་གུ་ཐར་ཕྱིར་ལས་ཁུངས་སུ་སོང་། མགོ་པ་གཞོན་པས་ཁོ་རང་ཕྱིར་ལོག་པ་མཐོང་རྗེས་ཟུར་ཟའི་ངག་གིས“ཏུང་ཧྲི་ཀྲང་ཕྱིར་ལོག་བྱུང་ངམ”ཞེས་རྒྱ་སྐད་ཀྱིས་བཤད་པར་ཁྱི་གུ་ཐར་གྱིས་ཅི་ཡང་མི་སྨྲ་བར་མྱུར་ཏུ་རང་གི་འདུག་གནས་སུ་བསྡད། ཡང་མགོ་པ་གཞོན་པ་ཁོའི་མདུན་ཅོག་ལ་སྙེ་བཞིན“སློབ་ཆུང་སློབ་མས་ཀྱང་སློབ་གྲྭར་འགྲོ་མི་འདོད་ན་དགེ་རྒན་ལ་གནང་ཞུ་བྱེད་ཤེས་མོད། འོན་ཀྱང་ང་ཚོའི་ལས་ཁུངས་ཀྱི་རྒན་པ་འདི་ཚོར་དེ་འདྲའི་འདུ་ཤེས་ཙམ་ཡང་མེད་པ་ཅི་ཡིན་ནམ”ཞེས་བཤད་པར་ཁྱི་གུ་ཐར་གྱིས་རྣམ་འགྱུར་ཅི་ཡང་བསྟན་མ་བྱུང་། ཡང་མགོ་པ་གཞོན་པས“མི་འགའ་རེར་ནུས་པ་ཏིལ་འབྲུ་ཙམ་ཡང་མེད་ཀྱང་དུས་ལྟར་ལས་ཞུགས་མི་བྱེད་པ་མ་ཟད། ད་དུང་ཕྱིར་ལས་ཁུངས་སུ་ལོག་ཚེ་ཞལ་ལ་སྐྱོ་མདོག་འདྲ་མིན་སྟོན་རྒྱུ་འདུག་གམ”ཞེས་ཁྲོ་བའི་ངག་དང་བཅས་རང་གི་མཐེ་བོང་གིས་ཁྱི་གུ་ཐར་གྱི་ཁ་རྩ་ནས་བཙན་གྱིས་ཡར་འཐེན་ཏེ་གདོང་ལ་བཅོས་མའི་འཛུམ་ཞིག་ཤར་ཏུ་བཅུག་པར་ཁ་གཏད་ཀྱི་ལས་གྲོགས་བུ་མོས་མ་བཟོད་པར་མགོ་པ་གཞོན་པ་ལ་རྒྱ་སྐད་ཀྱིས་ཁ་འཛིང་བྱས་སོང་། ཁྱི་གུ་ཐར་ལ་ད་རུང་གྲག་འགུལ་ཅི་ཡང་མི་འདུག
དུས་ཚོད་རིང་ཙམ་སོང་རྗེས། ཁྱི་གུ་ཐར་གྱིས་རང་གི་ཁ་གཏད་ཀྱི་ལས་གྲོགས་བུ་མོ་དང་བོད་སྐད་ཀྱི་ཁ་བརྡ་བྱེད་བཞིན་པ་མགོ་པ་གཞོན་པས་ཐོས་ཏེ“ལས་ཁུངས་ནས་རྒྱ་སྐད་དག་མ་བཤད་པ་ལས་སྐད་རིགས་གཞན་བཤད་མི་ཆོག”ཅེས་བཤད་རྗེས་ཁྱི་གུ་ཐར་གྱི་ཉེ་སར་བཅར་ཞིང་བསམ་བཞིན་དུ་ཁོའི་ཁ་གཏད་ཀྱི་བུ་མོའི་ལུས་ལ་ཐུག་ཐུག་རེག་རེག་བྱས་པར་བུ་མོས་ཧ་ཅང་སུན་སྣང་གི་ཉམས་བསྟན་ཞིང་ཉམ་ང་བའི་མིག་ཟུང་གིས་ཁྱི་གུ་ཐར་གྱི་ཕྱོགས་སུ་བལྟས་པ་ན། ཁྱི་གུ་ཐར་གྱི་སེམས་ཁོང་གི་མེ་ལྕེ་ལ་རྡོ་སྣུམ་ཟོ་གང་བླུགས་པ་ལྟར་དྲག་ཏུ་འབར་ཞིང་མེ་དཔུང་ལྟ་བུའི་ཁུ་ཚུར་དེ་བར་སྣང་དུ་ཕྱར་ཏེ་མགོ་པ་གཞོན་པའི་སྣ་མགོར་ཁེལ་པ་ན་སྣ་ཁྲག་ནི་རང་འབབ་ཆུ་བཞིན་མར་བཞུར་ཡོང་། དུས་ཐོག་དེ་ལ་མངོན་སུམ་མམ་འཁྲུལ་སྣང་ལྟ་བུའི་བར་སྟོང་ཞིག་ཏུ་བུ་མོས་རང་གི་མིང་ནས་འབོད་བཞིན་པར་ཁྱི་གུ་ཐར་གཉིད་ལས་སད་ཅིང་ཁ་གཏད་ཀྱི་ལས་གྲོགས་བུ་མོར་བལྟས་པར་མོས་ཁོ་ལ་མིག་བརྡ་ཞིག་བསྟན་བྱུང་།
“ཁྱི་གུ་ཐར། ཁྱོད་རང་ལས་ཁུངས་ཀྱི་གསོ་ཕག་ཡིན་ནམ”མགོ་པ་གཞོན་པས་ཁོ་ལ་རྒྱ་སྐད་ཀྱིས་སྡིགས་མོ་བྱེད་བཞིན་ཚུར་ཡོང་པར་ཁོས་མགོ་པའི་གདོང་ལ་ཅེར་བ་དང་ཁོའི་སྣ་མགོར་ཁྲག་བཞུར་ཀྱིན་མེད་པ་མཐོང་རྗེས་གོང་དུ་བྱུང་བ་རྣམས་རྨི་ལམ་ཡིན་པ་ཤེས།
ཕྱི་དྲོའི་མཚམས་སུ། མགོ་པ་གཞོན་པ་སྔར་བཞིན་ལས་ཚོགས་མ་གྲོལ་བའི་སྔོན་ལ་རང་ཁྱིམ་དུ་ལོག ཁྱི་གུ་ཐར་གྱིས་སྒེའུ་ཁུང་གི་གྲུ་ཟུར་ཏུ་ཁོ་རང་རྒྱང་དུ་ཕྱིན་པ་མཐོང་རྗེས་ལས་ཚོགས་གྲོལ་བའི་དུས་ཚོད་ལ་བལྟས་ཤིང་ཡང་དེ་རིང་རྨིས་པའི་རྨི་ལམ་དེ་ལྟ་བུ་ཞིག་རྨི་བར་རེ་སྨོན་དང་བཅས་གཉིད་ཐུང་ཐུང་ཞིག་ལོག
ཕྱི་དྲོའི་མཚམས་སུ་ཁྱི་གུ་ཐར་དང་ཁོའི་ཨ་མ་གཉིས་གྲོང་གསེབ་ཀྱི་ཁྲོམ་རར་མྱུལ། ཁྱི་གུ་ཐར་ནི་རྒུམ་བུ་འཐུ་མི་ཤེས་པའི་བྱིའུ་ཕྲུག་ཅིག་དང་འདྲ་བར་ཨ་མ་དང་འབྱར་འབྱར་ཏུ་འདུག ཁ་ཆེའི་སྐམས་ཤའི་ཚོང་ཁང་ཞིག་ཏུ་ཨ་མས་ཤ་ནག་ཚད་ཚད་ཅིག་ཉོས་རྗེས་ཅུང་འཚབ་འཚུབ་ངང་ཕྱིར་བསྐྱོད་ཅིང་གོམ་པའི་འདེགས་འཇོག་ཀྱང་ཤིན་ཏུ་ལྡེམ་མྱུར་ཏུ་གྱུར། ཚོང་ཁང་དང་རེ་ཞིག་བྲལ་རྗེས་ཨ་མ་ད་གཟོད་སྲང་ལམ་འགྲམ་གྱི་རྐུབ་སྟེགས་སྟེང་བསྡད་དེ“བུ། དེ་རིང་ཁེ་བཟང་རེག་སོང”ཞེས་བཤད། ཁྱི་གུ་ཐར་གྱིས་ཁེ་བཟང་ཅི་ཞིག་ཅེས་པའི་རྣམ་འགྱུར་བསྟན་པར་ཨ་མའི་གདོང་ལ་རྒྱལ་ཁའི་འཛུམ་མདངས་དང་བཅས“སྐམས་ཤ་འདི་ལ་སྒོར་གྱ་གཉིས་རེད། ངས་ཚོང་བདག་ལ་སྒོར་བརྒྱ་བྱིན་པར་དེས་ང་ལ་སྒོར་བཅོ་བརྒྱད་བསློགས་ན་ཆོག་ཀྱང་ཕྱིར་སྒོར་གྱ་གཉིས་བསློགས་བྱུང་། འདི་ཁེ་བཟང་མིན་ནམ་ཅི་ཡིན”ཞེས་བཤད་བྱུང་།
སྐད་ཆ་དེ་ཐོས་འཕྲལ་ཁྱི་གུ་ཐར་གྱི་ཡིད་ངོར་སྐམས་ཤའི་ཚོང་ཁང་གི་ཚོང་བདག་ཁ་ཆེ་པ་དེའི་རིང་ཞིང་འཛིང་བའི་ཨག་ཚོམ་དང་རྣམ་འགྱུར་ཅི་ཡང་མེད་པར་སྟ་གྲི་གནམ་ལ་འཕྱར་བཞིན་ཤ་རྣམས་དུམ་བུར་གཏུབ་པའི་རྣམ་པ་དེ་དྲན་པས་དབང་མེད་དུ་སྐྲག་འདར་ཅིག་བརྒྱབ་བྱུང་། ཕྱིར་ཡུལ་དུ་ལོག་རྗེས་ཁ་ཆེའི་ཚོང་བདག་གིས་སྟ་གྲི་འཕྱར་བའི་གཟུགས་རྣམ་དེ་ཁྱི་གུ་ཐར་གྱི་མིག་ལམ་དུ་བརྐོས་པ་བཞིན་ཡང་ནས་ཡང་དུ་འཆར་ཀྱིན་འདུག མཐར་ཁོས་རེ་ཞིང་བསྒུགས་པའི་ཨ་མའི་ཆུ་མོག་དེའང་ཞེད་སྣང་ཁྲོད་དུ་ཁོག་ཏུ་མིད་རྗེས་སྒོར་ཁུག་ལས་སྒོར་བརྒྱ་འཁྱེར་ཏེ་ཕྱིར་སོང་། ཁོས་གསལ་བཤད་ཅི་ཡང་མེད་པར་ཁ་ཆེའི་ཚོང་བདག་ལ་སྒོར་བརྒྱ་བྱིན་ཏེ་རང་ལ་ཕྱིར་སྒོར་བཅོ་བརྒྱད་སློག་ཏུ་བཅུག ཡང་ཕྱིར་ལོག་པའི་ལམ་བར་དུ་ཁོས་རང་གི་བརྩིས་པ་ནོར་འདུག་པ་ཤེས་ཏེ་ཕྱིར་ཁ་ཆེའི་ཚོང་བདག་གི་གམ་དུ་ལོག་སྟེ་ད་རུང་ཁོ་ལ་སྒོར་བཅོ་བརྒྱད་བསློག
དགོས་ཚུལ་བཤད་ཀྱང་ཚོང་བདག་གིས་སྟ་གྲི་གནམ་ལ་ཕྱར་ཏེ་ཤ་རྣམས་དུམ་བུར་གཏུབ་པ་ལས་ཁོ་ལ་ཁ་ཡ་མ་བྱས། ཚུལ་དེ་མཐོང་འཕྲལ་ཁོས་ཡང་བསྐྱར་སྐྲག་འདར་ཅིག་བརྒྱབ།
འོད་མདངས་ཤིན་ཏུ་ཞན་པའི་ཟླ་འོད་འོག་ཏུ་ཁྱི་གུ་ཐར་གྱིས་རྨི་ལམ་རྨི་བཞིན་འདུག རྨི་ལམ་ཁྲོད་ཁྱི་གུ་ཐར་ནི་ཁ་ཆེའི་དགོན་པ་ཆེན་མོ་ཞིག་གི་ཨ་ཧོང་རེད། ཁོས་དེ་རིང་གི་ཁ་ཆེའི་ཚོང་བདག་དེ་རང་གི་མདུན་སར་བོས་ཏེ་ཅིའི་ཕྱིར་སྒོར་བཅོ་བརྒྱད་ཕྱིར་མི་སློག་པ་དང་སྒོར་གཅིག་གི་རྣམ་སྨིན་ལ་དམྱལ་ཁམས་སུ་ལྷུང་སྲིད་པས་ཚོང་བདག་གིས་དམྱལ་ཁམས་བཅོ་བརྒྱད་ཀྱི་སྡུག་བསྔལ་མྱོང་དགོས་པའི་བཀའ་བཞག དུས་དེར་མཁའ་ཡི་ཟླ་བའང་གང་ནས་བརྒྱུད་ཡོང་མི་ཤེས་པའི་སྤྲིན་ཕུང་གིས་བསྒྲིབས་ཏེ་ས་ཆེན་འདི་མུན་པས་གཡོགས། དེ་དང་ལྷན་ཏུ་ཡང་ཁོས་རྨི་ལམ་གཞན་ཞིག་རྨིས་བྱུང་སྟེ་ཁོ་ནི་གླག་རྒོད་ཅིག་ཏུ་སྤྲུལ་ཏེ་ཝ་ཕྲུག་གཉིས་བདའ་བཞིན་པར་དེ་ལས་གཅིག་ནི་མགོ་པ་གཞོན་པ་དང་གཅིག་ནི་ཁ་ཆེའི་ཚོང་བདག་རེད།
ཐོ་རངས་ཤར་བའི་དུས་ལ་ཁྱི་གུ་ཐར་གྱིས་མིག་ཟུང་ཆེར་ཕྱེས་ཀྱང་དྲན་ཤེས་རབ་རིབ་ཅིག་དང་མཉམ་ཏུ་ཁོས་མྱུར་བར་མིག་བཙུམས་བྱུང་། ཁོའི་གདོང་ལ་མངོན་པའི་འཛུམ་མདངས་ལ་བལྟས་ན་ཡང་རྨི་ལམ་ཡག་པོ་ཞིག་རྨི་བཞིན་འདུག
ཁྱི་གུ་ཐར་མལ་ལས་ལངས་དུས་ཞོགས་པའི་ཆུ་ཚོད་བཅུ་ལ་ཁེལ་འདུག ཁོའི་སེམས་སུ་ཕྱིར་ལས་ཁུངས་སུ་སོང་ཚེ་མགོ་པ་གཞོན་པས་ཁོ་ལ་སྡུག་གཏམ་སྣ་ཚོགས་སྨྲ་བའི་རྣམ་པ་དེ་དྲན་ཞིང་། གྲུབ་ཐོབ་ཡེ་ཤེས་མཆོག་གི་གསུང་ལྟར་ན་ད་ནི་རང་ལ་ཉིན་ལྔའི་དུས་ཚོད་ལས་མི་འདུག་པས་ལས་ཁུངས་བསྐྱུར་ཏེ་རང་གིས་བསྒྲུབ་འདོད་པའི་དོན་རྣམས་བསྒྲུབ་ཆོག་ཅེས་རང་གིས་རང་ལ་སྐུལ་བཞིན་འཆར་གཞི་འཐེན་མགོ་བརྩམས་ཀྱང་དོན་གྱིས་འཚོ་བ་ནི་འདི་ལྟར་དགོད་བྲོ་བ་ཞིག་སྟེ། མི་ཁོམ་པའི་སྐབས་སུ་ཡིད་ངོར་འཆར་གཞི་སྣ་ཚོགས་བརྒྱུད་ཡོང་ཞིང་ཡང་སོས་དལ་གྱི་དུས་ལ་འཆར་གཞི་ཅི་ཞིག་སྤེལ་དགོས་པའང་མི་ཤེས་པར་གྱུར། སྲོད་ཀྱི་དུས་སུ་ཁོས་ད་གཟོད་བསྒྲུབ་འདོད་པའི་དོན་ཞིག་རྙེད་པ་ནི་གཞང་འཚོང་བུ་མོ་ཞིག་དང་ལུས་འབྲེལ་བྱ་རྒྱུ་དེ་རེད།
ཁྱི་གུ་ཐར་དང་པོར་གྲོང་གསེབ་ཀྱི་གཞང་འཚོང་ཁང་གི་སྲང་མདོར་ཕར་འགྲོ་ཚུར་འོང་བྱེད་པ་ལས་ནང་དུ་འགྲོ་མ་ཕོད་ལ་གཙང་སྤྱོད་ཁང་གི་གྱང་ངོས་ན་སྦྱར་བའི་གཞང་འཚོང་མའི་ཨང་གྲངས་མཐོང་སྟེ་ཁ་པར་བཏང་ནའང་དེའི་ཁྲོད་ཀྱི་བུ་མོས་ཁོ་རང་ཉེན་རྟོག་པ་ཡིན་མིན་སྐོར་གྱི་དོན་དག་མང་དུ་དྲིས་པར་ཁོ་རང་ཐབས་ཟད་དེ་མགོ་བོར་རས་གོས་ཀྱིས་དཀྲིས་ཏེ་ནང་དུ་སོང་། གཞང་འཚོང་ཁང་གི་མགོ་པས་ཁོའི་བཟོ་ལྟ་མཐོང་བས་གདོང་ལ་གཡོ་ཟོལ་གྱི་འཛུམ་མདངས་རྒྱས་བཞིན་སྒོ་རྟགས་ལྔ་པའི་བྱང་བུ་ཁོ་ལ་སྤྲད་དེ་རེ་ཞིག་བསྒུག་དགོས་ཟེར།
སྒེའུ་ཁུང་མེད་པའི་ཁང་མིག་དེ་རུ་སྣ་ལམ་དུ་བརླན་དྲི་དང་འགྲོགས་པའི་དྲི་ངན་ཞིག་ཐུལ་ཡོང་། ཡུད་ཙམ་འགོར་རྗེས་བུ་མོ་ཞིག་གིས་སྒོ་རྡུང་བཞིན་ནང་དུ་ཡོང་བར་ཁྱི་གུ་ཐར་མལ་ཁྲི་ལས་མྱུར་མོར་ཡར་ལངས་བྱུང་། རྒྱུ་མཚན་ནི་ནང་དུ་འཛུལ་བའི་བུ་མོ་དེ་ནི་ངུར་སྨྲིག་གི་ཆོས་གོས་བཀླུབས་པའི་བཙུན་མ་ཞིག་ཡིན་པ་འདྲ། བུ་མོས་ཁོའི་གདོང་ལ་རས་གོས་ཀྱིས་དཀྲིས་པ་མཐོང་བས་ཞལ་དཀར་ལ་འཛུམ་ཆུང་ཞིག་ལང་བཞིན་རང་གི་ཆོས་གོས་རྣམས་ཕུད་དེ་རྗེན་པོར་བསྡད་པ་དང་ཁྱི་གུ་ཐར་གྱི་གོན་པའང་འཕུད་རྩིས་བྱས་པར་ཁོ་ནི་ཞི་ལ་མཐོང་པའི་བྱི་བ་ཞིག་དང་འདྲ་བར་ཁང་མིག་དེའི་གྲུ་ཟུར་ཏུ་ཀྲོང་ངེར་ལངས་ཏེ“ཁྱོད། ཁྱོད། བཙུན་མ་ཡིན་ནམ”ཞེས་བཤད།
“ང་། ང་། བཙུན་མ་མིན། ཁྱོད། ཁྱོད། ཇག་པ་ཡིན་ནམ” བུ་མོས་ཁོའི་ཚུགས་ཀར་བལྟས་ཏེ་ཀུ་རེའི་ཚུལ་གྱིས་དེ་སྐད་བཤད་པར་ཁོ་རང་ཕྱིར་མལ་ཁྲིའི་སྟེང་བསྡད།
དེ་ལྟར་ཁྱི་གུ་ཐར་གྱི་མདུན་དུ་ལང་ཚོ་ཤིན་ཏུ་དར་ཞིང་ལུས་སྟོབས་ཀྱི་འཇམ་ཤ་མཉེན་པའི་བུ་མོ་དམར་རྗེན་ཞིག་གིས་རང་ནུས་ཅི་ལྕོགས་ཀྱིས་ཁོ་ཡི་ཆགས་པའི་རླབས་ཕྲེང་རྒྱས་པར་བརྩོན་ཀྱང་ཁྱི་གུ་ཐར་ནི་དབང་པོའི་ཚོར་ཤེས་ཉམས་པའི་སྐྱོན་ཅན་ཞིག་དང་མཚུངས་པར་མལ་ཁྲི་ལས་ཀྲོང་ཀྲོང་དུ་འདུག་པ་ལས་འདོད་པའི་སྤུ་ལོང་གཡོ་བའི་ངང་ཚུལ་ཅི་ཡང་བསྟན་མ་བྱུང་།
“ངས་ཁྱོད་ལྟ་བུའི་སྐྱེས་པ་ཞིག་མཐོང་མ་མྱོང”བུ་མོས་ཁོ་ལ་ཁྲེལ་དགོད་ཅིག་བྱེད་བཞིན་དེ་ལྟར་བཤད། ཁྱི་གུ་ཐར་གྱིས་ཁ་ཅི་ཡང་མི་གྲག་པར་མལ་ཁྲི་སྟེང་ཉལ་ནས་བསྡད།
བུ་མོས་ནང་གོས་གྱོན་བཞིན“གང་ལྟར་ཁྱོད་ཀྱིས་ང་ལ་སྒོར་མོ་ཆ་ཚང་སྟེར་དགོས”ཞེས་བཤད་པར་ཁྱི་གུ་ཐར་གྱིས་སྒོར་ཁུག་ལ་རེག་རེག་བྱེད་པ་ལས་སྟེར་རམ་མི་སྟེར་གྱི་སྐད་ཅི་ཡང་མ་སྨྲས། ཡང་བུ་མོས་ཚུལ་དེ་མཐོང་འཕྲལ་ཁོའི་ཉེ་སར་བཅར་ཞིང་མགོ་བོའི་རས་གོས་ལེན་རྩིས་བྱས་པར་ཁྱི་གུ་ཐར་གྱིས་མོའི་ལག་པ་ནས་དམ་པོར་བསྡམས་བྱུང་། དུས་ཐོག་དེ་ལ་སྒོའི་ཕྱི་རོལ་ཏུ་མི་མང་པོས་སྐད་ངན་སྒྲོག་བཞིན་བཙན་གྱིས་སྒོ་ཕྱེ་ཡོང་བ་ན་སྔུན་ལ་མཆོང་བ་ནི་གྲོང་གསེབ་ཉེན་རྟོག་པའི་སྡེ་དང་རྗེས་སུ་ཡོང་པ་ནི་བརྙན་ཕབ་འཕྲུལ་ཆས་ཁུར་བའི་གསར་འགོད་པའི་སྡེ་རེད། དེའི་རྗེས་ཀྱི་ཉིན་གསུམ་གྱི་རིང་ལ་ཁྱི་གུ་ཐར་བཙོན་ནས་བསྡད་ཅིང་མཐར་ཁོ་ལ་འདྲི་ཞིབ་བྱས་པའི་ཉེན་རྟོག་པ་རྒན་པས་ཁོ་དང་བུ་མོ་དེ་གཉིས་བར་བྱུང་པའི་འབྲེལ་བར་གཞིགས་ཏེ་ཁོ་ལ“འཆལ་སྤྱོད་མ་གྲུབ”ཟེར་བའི་མིང་ཞིག་བཏགས་པ་དང་ཁྲེལ་དགོད་ཅིག་བྱས་རྗེས་ཁོ་རང་བཙོན་ལས་གྲོལ་བྱུང་།
ཕྱིར་ཁྱིམ་དུ་ལོག་རྗེས་ཨ་མས་འཁྱག་སྒམ་ནང་ཆུ་མོག་ལས་ཡོད་པ་དང་མོ་ཨ་ཁུ་དོན་འགྲུབ་ཀྱི་སར་ལོག་པའི་ཡིག་ཐུང་ཞིག་བྲིས་འདུག ཁྱི་གུ་ཐར་ལ་ཟས་ཀྱི་ཡི་ག་མེད་པར་འབོལ་ཁྲིའི་སྟེང་བསྡད་དེ་མྱུར་བར་གཉིད་དུ་ཡུར་མགོ་བརྩམས།
ཐེངས་འདིའི་རྨི་ལམ་ཁྲོད་ཁོ་ནི་བདུད་དགའ་རབ་དབང་ཕྱུག་ལ་སྤྲུལ་ཏེ་གཞང་འཚོང་བུ་མོ་མཐོང་འཕྲལ་ཁོས་རང་གི་མདའ་ལྔ་ལས་མྱོས་བྱེད་ཀྱི་མདའ་འཕངས་པ་ན་བུ་མོའི་འདོད་པའི་རླབས་ཕྲེང་དྲག་ཏུ་འཕྱུར་ཅིང་ཁོའི་ཆགས་པའི་རྒྱལ་མཚན་ཡང་ཤིན་ཏུ་སྦོམ་པར་གྱུར་ཏེ་འདོད་པའི་སྒྱུ་རྩལ་གྱི་གར་ལ་རོལ། ཡང་ཁོས་ཉེན་རྟོག་པ་རྒན་པ་མཐོང་ཚེ་རྨོངས་བྱེད་ཀྱི་མདའ་འཕངས་པ་ན་ཉེན་རྟོག་པ་རྒན་པ་ནི་ཕྲུ་གུ་དམར་འབྱར་ཞིག་ཏུ་གྱུར་ཏེ་ངུ་ངག་གི་དབྱངས་རྟ་འདོན་བཞིན་འདུག དེ་ནས་སྲེད་བྱེད་དང་རྒོད་བྱེད། འཆིང་བྱེད་ཀྱི་མདའ་གསུམ་ལ་མི་ཁ་ཐོགས་ཏེ“ད་ནི་ཁྱོད་ལ་ཉིན་གཉིས་ལས་མི་འདུག”ཅེས་བཤད་མ་ཐག ཁོ་རང་དངངས་འཚབ་ཅིག་གི་ཁྲོད་གཉིད་ལས་སད་མོད། འོན་ཀྱང་མལ་ཁྲི་དང་བྲལ་ཚེ་རང་ལ་འཆར་གཞི་ཅི་ཡང་མེད་པ་ཚོར་ཏེ་མལ་ས་བདེ་བདེ་ཞིག་བྱས་རྗེས་ཡང་བསྐྱར་རྨི་ལམ་དུ་ཞུགས།
ཉིན་དགུ་པའི་ཉིན་གུང་གི་དུས་ལ་ཁྱི་གུ་ཐར་གྲོང་གསེབ་ཀྱི་ཁྲོམ་རར་མྱུལ་དུས་མི་ཚོགས་ཀྱི་འདུ་འཛིའི་ཀློང་དུ་ཁོས་བདེ་སྐྱིད་སྒྲོལ་མ་མཐོང་བྱུང་།“མོ་ནི་སྔར་བཞིན་དེ་འདྲའི་ཡིད་དུ་འོང་པ་ཞིག་སྟེ་མི་ཚོགས་ཀྱི་འདུ་འཛིས་ཁོར་ཡུག་ཤིན་ཏུ་རྫོབ་ནའང་མོ་ནི་གངས་ལས་སྐྱེས་ཤིང་གངས་ཆབ་བསིལ་མས་བརླན་པའི་མེ་ཏོག་ཇི་བཞིན་འཇིག་རྟེན་དུ་དཀོན་ཞིང་། མོའི་ངག་གི་འགྱུར་ཁུགས་དང་ལུས་ཀྱི་སྟངས་སྟབས་གང་ལའང་བརྩེ་བ་དང་དྲོད་ཁོལ་གྱིས་ཕྱུག་པ་མ་ཟད། མོའི་ལྷད་མེད་ཀྱི་འཛུམ་མདངས་ནི་ནད་བརྒྱ་འཇོམས་པའི་སྨན་མཆོག་ཅིག་དང་འདྲ་བར་ནང་སེམས་ལ་སྨན་བཅོས་བྱས་འགྲོ”ཞེས་ཁྱི་གུ་ཐར་གྱིས་དེ་ལྟར་དྲན་བཞིན་མོ་ཚུར་ཡོང་བར་བསྒུགས་བསྡད་པར་གློ་བུར་ཁོའི་ལྟག་རྒྱབ་ནས་སྐྱེས་པ་ཞིག་མདུན་དུ་མཆོང་རྒྱུག་བྱས་ཏེ་མོར་དམ་པོར་འཁྱུད། བདེ་སྐྱིད་སྒྲོལ་མས་ཀྱང་སྐྱེས་པ་དེ་ལ་བརྩེ་བ་དོད་པའི་འཛུམ་མདངས་ཤིག་མངོན་པ་ན། དེ་ནི་དུག་གིས་བྱུགས་པའི་མདའ་མོ་ཞིག་དང་འདྲ་བར་ཁྱི་གུ་ཐར་གྱིས་སྙིང་ཁར་ཕོག་སོང་། ཁོ་རང་དེ་ལྟར་དེ་གར་ཀྲོང་ངེར་འདུག་པ་ལས་མདུན་དུ་གོམ་གང་སྤོ་མ་ཐུབ་ལ་ཕྱི་སྣུར་ཡང་བྱེད་མ་ཕོད། བདེ་སྐྱིད་སྒྲོལ་མ་ཞེས་འབོད་བསམ་པའི་མིང་དེའང་ཇི་ལྟར་འཕགས་ཀྱང་མགྲིན་པའི་འགག་འཕྲང་ལས་ཕྱིར་འབུད་མ་ཐུབ། དུས་དེར། ཉིན་དེའི་གཞང་འཚོང་བུ་མོས་ངུར་སྨིག་གི་ཆོས་གོས་གྱོན་ཏེ་བཙུན་མ་ཞིག་ཡིན་ཁུལ་དུ་ཁོའི་མདུན་དུ་སླེབས་ཤིང་ཁོ་ནི་ཉིན་དེའི་མགོ་བོར་རས་གོས་དཀྲིས་པའི་སྐྱེས་པ་དེ་ཡིན་པ་མ་ཤེས་པར་མིང་ནས་གོ་མ་མྱོང་པའི་དགོན་པ་ཞིག་ལ་རོགས་སྐྱོར་མ་དངུལ་རེ་འབུལ་བའི་རེ་ཞུ་བྱས། ཁྱི་གུ་ཐར་ནི་འཇིམ་སྐུ་བཞིན་དེ་གར་འགྲེངས་ཏེ་བདེ་སྐྱིད་སྒྲོལ་མ་དང་སྐྱེས་པ་གཉིས་མི་ཚོགས་ཀྱི་འཚང་ཁ་དང་བྲལ་བར་ཅེར་འདུག
ཁྲོམ་ར་ནས་ཕྱིར་ལོག་རྗེས། ཁོས་མྱུར་མོར་གཉིད་ཀྱི་སྟ་གོན་བྱས་ཏེ་རྨི་ལམ་དུ་འཛུལ་བར་རེམ།
ཉིན་བཅུ་པའི་ཐོ་རངས་ཀྱི་དུས་སུ་ཁྱི་གུ་ཐར་གྱིས་རྨི་ལམ་རྨི་བཞིན་འདུག རྨི་ལམ་དུ་མུ་མེད་ཀྱི་རྩྭ་ཐང་ཆེན་མོ་ཞིག་ཏུ་ཁོ་དང་བདེ་སྐྱིད་སྒྲོལ་མ་གཉིས་ཅང་ཤེས་རྟ་ཕོར་བཞོན་ཏེ་བག་ལྷོད་ངང་ཉི་ནུབ་ཀྱི་ཕྱོགས་སུ་འགྲོ་བཞིན་མཆིས།
ཉིན་གུང་གི་དུས་སུ་ཁྱི་གུ་ཐར་གྱིས་རྨི་ལམ་རྨི་བཞིན་འདུག རྨི་ལམ་དུ་ཁོའི་ཨ་མས་ཁོ་ལ་ཆུ་མོག་ལས་བཞིན་པ་དང་ཨ་ཁུ་དོན་འགྲུབ་ཟེར་བའི་མི་དེ་དང་གཏན་ཏུ་བྲལ་བའི་སྐད་ཆ་སྨྲས།
སྲོད་ཀྱི་དུས་སུ་ཁྱི་གུ་ཐར་གྱིས་རྨི་ལམ་རྨི་བཞིན་འདུག རྨི་ལམ་དུ་གྲུབ་ཐོབ་ཡེ་ཤེས་མཆོག་གི་གསུང་རྣམས་རྫུན་དང་རང་ཉིད་ཚེ་རིང་ལོ་བརྒྱ་ཡིན་པ་རྨིས།
མཚན་མོའི་དུས་ལ་ཁྱི་གུ་ཐར་གྱིས་ད་རུང་རྨི་ལམ་རྨི་བཞིན་འདུག རྨི་ལམ་དུ······
རྩོམ་པ་པོ་ངོ་སྤྲོད།
མགོན་བུ་མཁའ་འགྲོ། དངོས་མིང་ལ་མཁའ་འགྲོ་ཚེ་རིང་ཟེར། ཕ་ཡུལ་ནི་རེབ་གོང་ཞོ་འོང་དཔྱིས། 2019ལོ་ནས་བོད་ཀྱི་དུས་དེབ་རེ་འགའི་སྟེང་སྒྲུང་རྩོམ་རེ་འགའ་བཀོད་མྱོང་།