ང་ཚོ་མཐོ་འབྲིང་མཐར་ཕྱིན་ནས་ལོ་ངོ་མང་པོ་ཞིག་འགོར་སོང་། འོན་ཏེ། ང་རང་སློབ་གྲོགས་བདེ་གྲོལ་ལ་ཐེངས་གཅིག་ཀྱང་ཐུག་མ་མྱོང་།
རླུང་གིས་ཁུར་བའི་དུས་ཚོད་དང་། ལྦུ་བ་སོབ་སོབ་ལྟ་བུའི་སྤྱི་ཚོགས་འདིའི་ཁུག་སྣེ་གང་རུང་དུ། ང་རང་བདེ་སྡུག་དགའ་སྐྱོ་གང་གི་མཚོ་མོར་ཞུགས་ནའང་། སློབ་གྲོགས་བདེ་གྲོལ་དང་སློབ་གྲོགས་བདེ་གྲོལ་གྱི་གསང་རྣམ་དུ་ལུས་པའི་གཏམ་རྒྱུད་དག་ཡང་ཡང་དྲན་ཞིང་། མ་འོངས་པའི་མི་ཚེའི་བགྲོད་ལམ་དུ་སླར་ཡང་སློབ་གྲོགས་བདེ་གྲོལ་ལ་ཐེངས་གཅིག་ཐུག་ན་ཅི་མ་རུང་སྙམ།
མཚམས་ལན་རེར། མཚམས་ཚིགས་ཅི་ཡང་མེད་པར་སློབ་གྲོགས་བདེ་གྲོལ་དྲན་པ་དང་འདྲ་བར། ངས་སློབ་གྲོགས་བདེ་གྲོལ་སྨྱོས་འདུག་ཟེར་མཁན་གྱི་མི་དེ་དག་ཀྱང་མཚམས་ཚིགས་ཅི་ཡང་མེད་པར་ཡང་ཡང་དྲན་ཡོང་།
ང་རང་སློབ་གྲོགས་བདེ་གྲོལ་སྨྱོས་འདུག་ཟེར་མཁན་གྱི་མི་དེ་དག་ལ་ཐེངས་གཅིག་ཐུག་ན་ཅི་མ་རུང་ཨང་།
ཨ།
ཏིང་ལིང་ལིང་། ཏིང་ལིང་ལིང་། ཏིང་ལིང་ལིང་། སློབ་ཐུན་གྱི་གྲོལ་བརྡ་ལྷང་ལྷང་ལྷང་ཐེངས་གསུམ་གྲག་བྱུང་། སློབ་ཐུན་བཞི་པ་གྲོལ་སོང་། སློབ་གྲོགས་ཚོ་དྲོས་ཇ་འཐུང་དུ་སོང་བའི་རྗེས་སུ། སློབ་གྲོགས་བདེ་གྲོལ་ཐོ་ཡོར་བཞིན་སློབ་ཁང་གི་སྒེའུ་ཁུང་འགྲམ་དུ་འགྲེང་སྟེ། ལུས་པོ་ཅུང་ཟད་ཀྱང་མི་འགུལ་བར་ཕྱི་རོལ་ལ་ཅེར་འདུག
སློབ་གྲོགས་བདེ་གྲོལ་གྱིས་འཇིག་རྟེན་གྱི་གནས་ལུགས་ཆེན་པོ་ཅི་ཞིག་གི་གཏིང་རྙེད་པ་དང་འདྲ་བར། གློ་བུར། སློབ་ཁང་གི་ཅོག་ཙེ་ཚང་མ་ཕྱོགས་གཅིག་ཏུ་བསྣུར་ཏེ་ངོས་སྙོམས་གྲུ་བཞི་ཞིག་བསྒྲིགས་ཤིང་། སྒོ་སམ་འགྲམ་ན་རང་ཉིད་ལྟར་ཁེར་རྐྱང་དུ་ལུས་པའི་ཁྲིད་ཅོག་གི་སར་བརྒྱུགས་པ་དང་། ཁྲིད་ཅོག་ལས་ཡང་ལཱ་ལྷག་མ་དེ་དག་ཕྱི་ལ་བཏོན་ཏེ་མེ་བསྒོས་ནས་ངོས་སྙོམས་གྲུ་བཞིའི་ཅོག་ཙེའི་མཐའ་འཁོར་གྱི་ཕྱོགས་མཚམས་སུ་བཞག
ཡིན་ནའང་། ཉི་མའི་དཀར་ངོགས་འདི་རུ། ཡང་ལཱ་དེ་དག་གི་འོད་སྣང་ལ་འོད་སྣང་དང་དྲོད་ཁོལ་ཅི་ཡང་མི་འདུག
ཁོས་རང་གི་དཔེ་ཁུག་ནག་པོ་ལས་བྱང་ཆུབ་ལམ་རིམ་གྱི་དཔེ་ཆ་ཞིག་བླངས་ཏེ། ཐོག་མར་མགོ་ལ་ཁྱེར་ནས་དཔེ་ཆར་ཐོད་པ་གཏུགས་ཤིང་། དེ་ནས་དཔེ་ཆ་ལག་ཏུ་བཟུང་སྟེ་ཡར་མཆོང་ཐེངས་ཤིག་གིས་ཅོག་ཙེར་བུད་པ་དང་། ངོས་སྙོམས་ཅོག་ཙེ་གྲུ་བཞི་འམ་ཅོག་ཙེའི་ཡང་ལཱའི་དཀྱིལ་འཁོར་གྱི་ལྟེ་བར་སྐྱིལ་ཀྲུང་དུ་ཙོག ག་ལེར་སྦྲང་མ་ཆ་གཅིག་གཡོ་བ་ལྟ་བུའི་མིག་ཟུང་བཙུམས་ཏེ། སྐད་གསང་མཐོན་པོས་བྱང་ཆུབ་ལམ་རིམ་གྱི་དཔེ་ཆ་དབྱངས་ལ་གྱེར་བྱུང་།
སློབ་གྲོགས་གསལ་སྒྲོན་དྲོས་ཇ་བཏུངས་ཏེ་ཕྱིར་སློབ་ཁང་དུ་བསླེབས་པ་ན། སློབ་གྲོགས་བདེ་གྲོལ་སློབ་ཁང་གི་ཅོག་ཙེའི་ཡང་ལཱའི་དཀྱིལ་འཁོར་དུ་ཙོག་ཅིང་། མིག་ཟུང་ཆེ་རུ་བགྲད་ནས་བྱང་ཆུབ་ལམ་རིམ་འདོན་པའི་རྣམ་པ་དེ་གསལ་བོར་རིག་མྱོང་བ་སློབ་གྲོགས་གཞན་གྱི་ངག་ལས་ཐོས།
དེའི་རྗེས་སུ། སློབ་གྲོགས་གསལ་སྒྲོན་གྱིས་སློབ་གྲོགས་བདེ་གྲོལ་སྨྱོས་འདུག་ཟེར།
ཨི།
འབབ་ཀྱིན་འདུག་ཨང་། འབབ་ཀྱིན་འདུག རྨ་ཆུ། ཁྲི་ཀ་རྫོང་མཁར་གྱི་སྐ་རགས་རིང་མོར་འབོད་པའི་རྨ་ཆུ།
རྒྱང་རིང་གི་མཛེས་ལྗོངས་གང་ཞིག་ལ་ལྟད་མོར་བྲེལ་བ་དང་འདྲ་སྟེ། ལྷུང་ལྷུང་གི་གླུ་ཡང་ལེན་ཁོམ་མེད་པར་སྨད་རྒྱ་མཚོའི་ཕྱོགས་སུ་འབབ་ཀྱིན་འདུག འབབ་ཀྱིན་འདུག ཁྲི་ཀ་རྫོང་མཁར་གྱི་སྐ་རགས་རིང་མོར་འབོད་པའི་རྨ་ཆུ། རྨ་ཆུ།
ཉིན་ཞིག་གི་ཕྱི་དྲོའི་སློབ་ཕྱིའི་བྱེད་སྒོའི་དུས་སུ། སློབ་གྲོགས་བདེ་གྲོལ་ཐོ་ཡོར་བཞིན་སློབ་ཁང་གི་སྒེའུ་ཁུང་འགྲམ་དུ་འགྲེང་སྟེ། ལུས་པོ་ཅུང་ཟད་ཀྱང་མི་འགུལ་བར་ཕྱི་རོལ་ལ་ཅེར་འདུག
སློབ་གྲོགས་བདེ་གྲོལ་གྱིས་སྒེའུ་ཁུང་ཕྱི་རོལ་གྱི་སློབ་གྲྭའི་ར་སྐོར་ནང་སློབ་སྤྱི་དཔལ་ལྡན་རྒྱབ་ལག་བཅས་ནས་ག་ལེར་འགྲོ་བ་མཐོང་།
གློ་བུར། སློབ་གྲོགས་བདེ་གྲོལ་གྱིས་ཧ་ཅང་འགངས་ཆེ་བའི་དོན་དག་ཅི་ཞིག་དྲན་པ་ནང་བཞིན་ཐད་ཀར་སློབ་ཁང་ཕྱི་རོལ་ལ་བརྒྱུགས་ཤིང་། སློབ་སྤྱི་དཔལ་ལྡན་གྱི་རྩིབ་ལ་སོང་ནས་མེ་ཏོག་བཞད་པ་ལྟ་བུའི་འཛུམ་མདངས་ཤིག་ཕྱུང་སྟེ། སློབ་སྤྱི་དཔལ་ལྡན་ལ་ཆོས་ཐམས་ཅད་ཀྱི་རང་བཞིན་ཅི་ཞིག་ཡིན་པ་དང་། མི་རྟག་པ་ཟེར་བ་གང་ལ་གོ་ཞེས་དྲིས་བྱུང་།
སློབ་སྤྱི་དཔལ་ལྡན་གྱིས་ཅི་བྱུང་གནས་ཚུལ་གྱི་ཧ་མ་གོ་བར་སློབ་གྲོགས་བདེ་གྲོལ་གྱི་ངོ་ལ་ཅེར་ཏེ་རེ་ཞིག་ལུས་པ་ན། གློ་བུར། སློབ་གྲོགས་བདེ་གྲོལ་གྱིས་རང་གི་རྐང་སྣམ་སྔོན་པོའི་བརླ་ཁུག་ལས་སྲན་མ་སྤར་གང་བླངས་ནས་ཁ་གཏད་གྱང་ངོས་སུ་གཅོལ་བ་དང་། དེ་ནས་སྡིགས་མཛུབ་ཀྱིས་ས་རུ་འཐོར་ཞིང་གང་སར་འདྲིལ་བའི་སྲན་རིལ་དག་བསྟན་ཏེ། ཧ་ཅང་གཟབ་ནན་གྱིས་འདི་ནི་ཆོས་སོ། ། འདི་ནི་མི་རྟག་པའོ་ཞེས་བཤད་དོ། །
ལྷུང་ལྷུང་གི་གླུ་ཡང་ལེན་ཁོམ་མེད་པར་སྨད་རྒྱ་མཚོའི་ཕྱོགས་སུ་འབབ་ཀྱིན་འདུག འབབ་ཀྱིན་འདུག རྒྱང་རིང་གི་མཛེས་ལྗོངས་གང་ཞིག་ལ་ལྟད་མོར་བྲེལ་བ་དང་འདྲ་སྟེ། རྨ་ཆུ། ཁྲི་ཀ་རྫོང་མཁར་གྱི་སྐ་རགས་རིང་མོར་འབོད་པའི་རྨ་ཆུ།
འབབ་ཀྱིན་འདུག འབབ་ཀྱིན་འདུག་ཨང་། ཁྲི་ཀ་རྫོང་མཁར་གྱི་སྐ་རགས་རིང་མོར་འབོད་པའི་རྨ་ཆུ། རྨ་ཆུ།
དེའི་རྗེས་སུ། སློབ་སྤྱི་དཔལ་ལྡན་གྱིས་སློབ་གྲོགས་བདེ་གྲོལ་སྨྱོས་འདུག་ཟེར།
ཨུ།
ཉིན་ཞིག་གི་སྔ་དྲོའི་རྩིས་རིག་སློབ་ཁྲིད་འཚོགས་པ་ན། དགེ་རྒན་སྟོབས་རྒྱས་ཡོང་ནས་ཁ་སང་བཞག་པའི་ལས་བྱ་མྱུར་དུ་ཕྲིས་ཞེས་བསྐུལ་ཏེ། ལྗིད་ཏིག་གེར་གནས་པའི་རང་གི་མགོ་བོ་བསྐྱོར་ནས་ཕྱིར་གཞུང་ལས་ཁང་ལ་ལོག
སློབ་ཁང་དུ། སྙུ་གུ་ཤོག་བུ་རུ་འགུལ་བའི་སྒྲ་ཁོ་ན་ལས་ཅི་ཡང་མི་ཐོས།
སློབ་ཁང་དུ། སློབ་གྲོགས་ཚོས་ཁ་ཁུ་སིམ་མེར་རང་རང་གི་ལས་བྱ་འབྲི་བཞིན་འདུག
གློ་བུར། སློབ་ཁང་གཅིག་གི་འདུག་རོགས་བཀྲ་ཤིས་མཚོས་གླལ་སྒྱིང་རིང་པོ་ཞིག་བྱས་ཏེ་ལག་ཟུང་རིང་དུ་བརྐྱངས། འདུག་རོགས་བཀྲ་ཤིས་མཚོས་གླལ་སྒྱིང་བྱས་ཏེ་ལག་ཟུང་རིང་དུ་བརྐྱངས་པས། མཉམ་མ་བཞག་པར་ལག་པ་ཡ་གཅིག་གིས་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ལས་བྱ་འབྲི་བའི་སློབ་གྲོགས་བདེ་གྲོལ་གྱི་གྲུ་སྣེ་དྲག་ཏུ་བསྒུལ་བྱུང་།
“ཨ་རོག མ་བསྒུལ། མ་བསྒུལ་ཡ། ཁྱོད་ཀྱིས་ཡིག་འབྲི་ཤིག་གིས་མ་བསྒུལ་ཞེས་ཁ་དཔེ་ཡོད་པ་མ་གོའམ།”
སློབ་གྲོགས་བདེ་གྲོལ་གྱིས་ཤིན་ཏུ་མ་དགའ་མ་རངས་པའི་ཉམས་ཤིག་བསྟན་ཅིང་། མདུན་གྱི་ཅོག་སྒམ་ལས་ཞ་སྙུག་གཞོག་བྱེད་ཀྱི་ལྟེབ་གྲི་ཆུང་ཆུང་ཞིག་བླངས་ཏེ། ཐོག་མར་ཅོག་ཙེའི་དཀྱིལ་དུ་གཞུང་ཤིན་ཏུ་ཕྲ་ཞིང་སྲིད་རིང་བའི་ཤིང་ཤུར་ཞིག་བཏོད་ཅིང་། དེ་ནས་ཞ་སྙུག་གིས་ཤིན་ཏུ་ཕྲ་ཞིང་སྲིད་རིང་བའི་ཤིང་ཤུར་དེ་རུ་རྟགས་ནག་པོ་ཞིག་འོད་ཀྱིག་གེར་བརྒྱབ།
རྩིབ་ཀྱི་འདུག་རོགས་བཀྲ་ཤིས་མཚོས་སློབ་གྲོགས་བདེ་གྲོལ་གྱིས་དེ་ལྟར་མ་རངས་མ་འཐད་པའི་ཉམས་ཤིག་བསྟན་ཏེ། ཐོག་མར་ཅོག་ཙེའི་དཀྱིལ་དུ་གཞུང་ཤིན་ཏུ་ཕྲ་ཞིང་སྲིད་རིང་བའི་ཤིང་ཤུར་ཞིག་བཏོད་ཅིང་། དེ་ནས་ཞ་སྙུག་གིས་ཤིན་ཏུ་ཕྲ་ཞིང་སྲིད་རིང་བའི་ཤིང་ཤུར་དེ་རུ་རྟགས་ནག་པོ་ཞིག་བརྒྱབ་པ་མཐོང་ཙ་ན། རང་གི་ནང་སེམས་ཨ་ལོང་མེ་ལོང་དེ་ཉིད་ཧ་ཅང་མ་དགའ་མ་སྐྱིད་པར་གྱུར་ཞིང་། འགོག་པར་དཀའ་བའི་ཞེ་སྡང་ཞིག་ཀྱང་ངང་གིས་སྐྱེ།
སློབ་གྲོགས་བདེ་གྲོལ་དང་འདུག་རོགས་བཀྲ་ཤིས་མཚོས་འདི་ལྟར་ཅོག་ཙེ་བརྩད་དེ། བར་ལ་གློ་བུར་བའི་མི་མཐུན་འགལ་རྩོད་དྲག་པོ་ཞིག་ཤོར་སོང་།
སྐབས་དེར། སློབ་གྲོགས་བདེ་གྲོལ་ཁ་སྤོ་ཁ་ནས་ལངས་ཤིང་ཞེ་སྤོ་གཏིང་ནས་ལངས་ཏེ། ཅལ་སྒྲ་དང་བཅས་འདུག་རོགས་བཀྲ་ཤིས་མཚོ་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས།
འདུག་རོགས་བཀྲ་ཤིས་མཚོ་སྐད་གསང་མཐོན་པོས་ངུས་ཏེ། ཕྱིར་མིག་ཙམ་ཡང་མི་འཕེན་པར་འཛིན་བདག་དབྱངས་ཅན་ལྷ་མོའི་གཞུང་ལས་ཁང་ལ་བརྒྱུགས།
སློབ་ཐུན་བཞི་པ་གྲོལ་བའི་རྗེས་སུ། འཛིན་བདག་དབྱངས་ཅན་ལྷ་མོས་སློབ་གྲོགས་བདེ་གྲོལ་རང་གི་གཞུང་ལས་ཁང་དུ་བོས་ཤིང་། སློབ་ཁང་གི་གནས་ཚུལ་གློ་བུར་བ་དེའི་ཡོང་ཁུངས་རྩ་བ་དང་འཕེལ་རིམ་ཕྱིས་བྱུང་མཐའ་དག་རེ་རེ་བཞིན་རྩད་བཅད་བྱུང་།
ཡིན་ནའང་། སློབ་གྲོགས་བདེ་གྲོལ་གྱིས་གཞུང་ལས་ཁང་དུ་འཛིན་བདག་དབྱངས་ཅན་ལྷ་མོ་ལ་ཚིག་ལོག་བརྒྱབ་སྟེ། འཛིན་བདག་དབྱངས་ཅན་ལྷ་མོ་འཛིན་གྲྭའི་སློབ་མར་ཕྱོགས་རིས་འཐེན་འཁྱེར་ཆེ་བ་དང་། རང་ཉིད་འཛིན་བདག་དབྱངས་ཅན་ལྷ་མོའི་འཛིན་གྲྭ་དེ་གར་གཏན་ནས་སྡོད་མི་འདོད་ཚུལ་གླེངས་ཡོང་།
གློ་བུར། འཛིན་བདག་དབྱངས་ཅན་ལྷ་མོ་འཚིག་པ་གཏིང་ནས་ཟོས་ཏེ་ངོ་མདོག་དམར་ནག་ཏུ་འགྱུར་ཞིང་། སྐད་འགྲགས་དང་བཅས་ཁྱོད་རང་ང་ཡི་འཛིན་གྲྭར་སྡོད་མི་འདོད་ན། མྱུར་དུ་འཛིན་གྲྭ་གཞན་པར་སྤོར་ཞིག་ཅེས་ལྷོག་ལྷོག་གདུ་བའམ་རྙི་ལས་ཐར་བའི་གཅན་གཟན་ལ་དོ་བསྡོ་བའི་ཁྲོ་གཏམ་ཞིག་ཤོར་སོང་། ཁོས་ཕྱིར་འཛིན་བདག་དབྱངས་ཅན་ལྷ་མོ་ལ་འཛིན་གྲྭ་སྤར་ན་ཨོང་སྟེགས་འཁྱེར་ཆོག་གམ་ཞེས་དྲིས་པས། འཛིན་བདག་དབྱངས་ཅན་ལྷ་མོས་ཐད་ཀར་ཆོག་ཅེས་ལན་བཏབ།
འཛིན་བདག་དབྱངས་ཅན་ལྷ་མོས་དྲོས་ཇ་བཏུངས་ཏེ། སློབ་ཁང་དུ་སློབ་མའི་སློབ་སྦྱོང་གནས་ཚུལ་ལྟ་རྟོག་ལ་ཡོང་བའི་ཚེ་ན། རང་གི་འཛིན་གྲྭའི་སློབ་མ་གཅིག་ཀྱང་མི་འདུག་པར་སློབ་ཁང་ཤིན་ཏུ་འཇམ་ཐིང་ངེར་ལྷིང་འཇགས་སེར་འདུག
དགེ་རྒན་དབྱངས་ཅན་ལྷ་མོ་སློབ་ཁང་དང་འབྲལ་ལ་ཉེ་བའི་མཚམས་སུ། གློ་བུར་རང་གི་རྒྱབ་ཕྱོགས་ནས་སིར་སིར་སིར་གྱི་སྒྲ་གཉོམ་པོ་ཞིག་རྣ་བའི་བུ་གར་ཡང་ཡང་འཁོར་ཡོང་། མོ་སློབ་ཁང་གི་གཞུག་གི་སྙིགས་སྒམ་འགྲམ་དུ་ཕྱིན་ནས་ག་ལེར་ཞིབ་ཏུ་བལྟས་པ་ན། སློབ་གྲོགས་བདེ་གྲོལ་གྱིས་མགོ་བོ་བསྒུར་ཞིང་རྣམ་རིག་བསྒྲིམས། སྐེད་པ་འཁྱོགས་ཤིང་མིག་ཟུང་ཅེར། གང་ནས་ཁྱེར་ཡོང་བའང་མི་ཤེས་པའི་ལྕགས་སོག་ཆུང་ཆུང་ཞིག་ལག་ཏུ་བཟུང་སྟེ། སིར་སིར་སིར་གྱི་སྒྲ་དང་བཅས་ཅོག་ཙེ་ནར་མོ་ཞིག་དུམ་བུ་གཉིས་སུ་གཅོད་པ་མཐོང་།
མཚམས་དེར། འཛིན་བདག་དབྱངས་ཅན་ལྷ་མོས་གནས་ཚུལ་གྱི་ཧ་ཅི་ཡང་མ་གོ་བར་གནས་དེར་ཧད་དེ་རེ་ཞིག་ལུས་ཤིང་། དེ་ནས་སློབ་གྲོགས་བདེ་གྲོལ་ལ་ཡང་ཁྱོད་ཀྱིས་འདི་ན་ཅི་ཞིག་བྱེད་བཞིན་ཡོད་ཅེས་དྲིས་པ་ན། སློབ་གྲོགས་བདེ་གྲོལ་གྱིས་འཛིན་བདག་དབྱངས་ཅན་ལྷ་མོ་མཐོང་སྟེ། ལྕེ་བསྣར་ཞིག་བྱས་པ་དང་། ཨོང་སྟེགས་གཅིག་པུ་འཁྱེར་ཏེ་སོང་ན། བསྣུར་སའི་འཛིན་གྲྭ་དེར་ང་ལ་ཅོག་ཙེ་མི་འདུག དེ་བས། ངས་རང་གི་ཅོག་ཙེའང་འཁྱེར་རྒྱུ་ཡིན། ང་གཟས་ནས་ཅོག་ཙེ་ལེན་དུ་ཡོང་བ་ཡིན་ཞེས་ལན་བཏབ་བྱུང་།
དེའི་རྗེས་སུ། འཛིན་བདག་དབྱངས་ཅན་ལྷ་མོས་སློབ་གྲོགས་བདེ་གྲོལ་སྨྱོས་འདུག་ཟེར།
ཨེ།
ཁ་སང་། སློབ་གྲོགས་བདེ་གྲོལ་ལག་གྲུག་རྩེད་ཐང་དུ་ལག་གྲུག་རྩེད་པའི་སྐབས་སུ། མཐོ་གསུམ་གྱི་སློབ་མ་ཞིག་ལ་ལུས་ཐོད་མ་ཐུག་ཞེ་སྣང་བ་མ་འགྲིག་པར་རྡུང་རེས་བརྒྱབ་སྟེ། མཐོ་གསུམ་སློབ་མ་དེའི་མགོ་བོ་བཅག་ནས་ཁྲག་མང་པོ་ཞིག་བཞུར་བྱུང་།
དེ་རིང་། མཐོ་གཉིས་སློབ་རིམ་གྱི་ཁག་སྤྱི་དཔལ་ལྡན་གྱིས་སློབ་གྲོགས་བདེ་གྲོལ་གྱིས་རྡུང་རེས་བརྒྱབ་པའི་གནས་ཚུལ་གོ་བས། གཟས་ནས་སློབ་གྲོགས་བདེ་གྲོལ་རང་གི་སློབ་རིམ་གྱི་གཞུང་ལས་ཁང་དུ་བོས་ཤིང་། གནམ་གཤིས་བཙོག་པོའི་ཀློང་དུ་ནམ་མཁར་རྒྱུ་བའི་སྤྲིན་གནག་དུམ་བུ་ཞིག་དང་འདྲ་བར། ཐད་ཀར་ངོ་གནག་སྟེ་ཁྱོད་རང་སློབ་གྲྭ་ལས་འཕུད་རྒྱུ་ཡིན། ད་ཕྱིར་སོང་ནས་ཡུལ་དུ་འགྲོ་བའི་ལམ་ལ་ལོངས་ཞེས་ལབ་བྱུང་།
སློབ་གྲོགས་བདེ་གྲོལ་གྱིས་ཁག་སྤྱི་དཔལ་ལྡན་གྱི་སྔུན་དུ་རང་ཉེས་ཐམས་ཅད་ཁས་བླངས་ཤིང་། རང་ཉིད་སློབ་གྲྭ་ལས་སྒོར་མི་འཕུད་པའི་ཞུ་བ་ལན་མང་འཐེན་ཡང་། གནས་ཚུལ་གྱི་འཕོ་འགྱུར་ལ་ཕན་རྟ་རྔ་ཙམ་ཡང་མ་ཐོགས། སྐབས་དེར། དགེ་རྒན་ཆོས་ཉིད་འབུམ་འཛུམ་དང་བཅས་ཁག་སྤྱི་དཔལ་ལྡན་གྱི་གཞུང་ལས་ཁང་ལ་འཛུལ་ཡོང་།
སློབ་གྲོགས་བདེ་གྲོལ་སློབ་རིམ་གཞུང་ལས་ཁང་གི་སྒོར་བུད་བྱུང་།
གློ་བུར་འཇིགས་རུང་འཐབ་འཁྲུག་གི་གཡུལ་སར་བཟུང་བའི་དམག་ཕྲུག་ངོ་སྡུག་ཅིག་དང་མཚུངས་པར། ཁོས་རྐང་གཉིས་ས་ལ་བརྟན་པོར་བཙུགས་ཤིང་ལག་ཟུང་བརླ་ཟུར་དང་མཉམ་འགྲོའི་དྲང་ཐིག་གཅིག་ཏུ་བསྲིངས་ཏེ། སློབ་རིམ་གཞུང་ལས་ཁང་གི་སྒོ་ཁའི་གྱང་འགྲམ་དུ་དྲང་མོར་ལངས་ནས་བསྡད་ཡོད།
སློབ་རིམ་གཞུང་ལས་ཁང་གི་སྒོ་འགྲམ་དུ། ཡང་ན། ཁག་སྤྱི་དཔལ་ལྡན་གྱི་གཞུང་ལས་ཁང་གི་སྒོ་ཟུར་དུ། སློབ་གྲོགས་བདེ་གྲོལ་གྱིས་ཁག་སྤྱི་དཔལ་ལྡན་ལས་ཀ་གྲོལ་ནས་གཞུང་ལས་ཁང་ལས་སྒོར་འབུད་པར་ཡུན་རིང་ཞིག་ལ་བསྒུགས་ཤིང་རེ།
ཉིན་གཅིག་གི་སློབ་ཁྲིད་མཐའ་མའི་གྲོལ་བརྡ་དེ་ལྷང་ལྷང་ལྷང་གྲག་པ་ན། ཁག་སྤྱི་དཔལ་ལྡན་གྱིས་ཀོ་ཁུག་ནག་པོ་ཞིག་མཆན་ལ་བཙིར་ནས་སློབ་རིམ་གཞུང་ལས་ཁང་གི་སྒོར་བུད་ཅིང་། སློབ་གྲོགས་བདེ་གྲོལ་མ་རིག་ཁུལ་གྱིས་མིག་ཟུར་ཙམ་ཡང་མི་འཕེན་པར་ག་ལེར་སློབ་གྲྭའི་སྒོ་ཆེན་བསྙེགས་ཏེ་མདུན་ལ་བུད་སོང་།
སློབ་གྲོགས་བདེ་གྲོལ་གྱིས་ཁག་སྤྱི་དཔལ་ལྡན་གྱི་གཞུག་དེད་དེ་གཏན་ནས་མ་བཏང་བར། རང་ཉིད་སློབ་གྲྭ་ལས་སྒོར་མི་འཕུད་པའི་ཞུ་བ་ཡང་ཡང་འཐེན་ཞིང་། རང་ཉིད་ནམ་ཞིག་ལ་ཁག་སྤྱི་དཔལ་ལྡན་དང་ལྷན་དུ་སློབ་གྲྭའི་སྒོ་ཆེན་ཁ་རུ་སླེབས་པའང་མ་ཚོར།
སློབ་གྲྭའི་སྒོ་ཆེན་ཁ་རུ། ཁག་སྤྱི་དཔལ་ལྡན་རང་གི་རླངས་འཁོར་ལ་འབུད་པའི་སྐབས་སུ། གློ་བུར་ཁ་ཕྱིར་འཁོར་ནས་སློབ་གྲོགས་བདེ་གྲོལ་ལ་ད་ནི་ཁྱོད་ཀྱིས་ཞུ་བ་ག་ཚོད་འཐེན་ཡང་ཕན་མི་ཐོགས། ཡུལ་ལ་སོང་། ཡུལ་ལ་སོང་སྟེ་ཟོག་རྫི་ཙ་ཡ་ཞིག་བྱོས་ཞེས་བཤད་ཅིང་། དེ་ནས་སློབ་གྲོགས་བདེ་གྲོལ་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་དབང་མ་བྱིན་པར་ཐད་ཀར་རླངས་འཁོར་ལ་ཁ་ལོ་སྒྱུར་ནས། ནམ་རྒྱུན་མི་མང་པོ་ཞིག་གིས‘བདེ་སྐྱིད’བསྙལ་ཡོད་པར་བཤད་པའི་རང་ཁྱིམ་གྲུ་བཞི་སྙེག་པའི་ལམ་དུ་ཞུགས་སོང་།
སློབ་གྲོགས་བདེ་གྲོལ་ཁག་སྤྱི་དཔལ་ལྡན་གྱི་རླངས་འཁོར་གཞུག་དེད་ནས་བརྒྱུགས་ཏེ་ཡུན་རིང་ཞིག་ལ་སོང་བ་ན། གློ་བུར། སློབ་གྲོགས་བདེ་གྲོལ་གྱིས་ཁག་སྤྱི་དཔལ་ལྡན་གྱི་རླངས་འཁོར་ལམ་འགྲམ་ཞིག་ཏུ་བཞག་ཡོད་པ་མཐོང་།
ཁག་སྤྱི་དཔལ་ལྡན་རླངས་འཁོར་ལས་ས་རུ་འབབ་པའི་དུས་དེར། གློ་བུར་བརྒྱུགས་ཏེ་རྒྱབ་ཕྱོགས་སུ་སླེབས་པའི་སློབ་གྲོགས་བདེ་གྲོལ་གྱིས་ཁག་སྤྱི་དཔལ་ལྡན། དགེ་རྒན་དཔལ་ལྡན། དགེ་རྒན། ཁྱོད་ཀྱི་རླངས་འཁོར་གྱི་གཞུག་སྒམ་ཁ་གཏན་མི་འདུག ང་གཟས་ནས་ཁྱེད་ལ་གནས་ཚུལ་འདི་བཤད་དུ་བརྒྱུགས་ནས་ཡོང་བ་ཡིན་ཞེས་བཤད་པ་ན། ཁག་སྤྱི་དཔལ་ལྡན་གྱིས་འཛུམ་དང་བཅས་རླངས་འཁོར་གྱི་གཞུག་སྒམ་ཁ་གཏན་ཞོར། ངའི་སློབ་མ་དགའ་བོ། ངའི་སློབ་མ་ཙ་ཡ་བོ། ཁྱོད་ད་ངར། ཞེ་གི་ངར། ད་ཁྱོད་སློབ་ཁང་དུ་སོང་ནས་དཔེ་ཆར་ལྟོས་ཞེས་སྨྲས་བྱུང་།
དེའི་རྗེས་སུ། སློབ་གྲོགས་བདེ་གྲོལ་དགའ་སྤྲོ་དང་བཅས་ཕྱིར་སློབ་གྲྭར་ལོག
དེའི་རྗེས་སུ། སློབ་གྲོགས་བདེ་གྲོལ་གྱིས་ཉིན་དེར་ལྷམ་ཡ་གཅིག་བོར་སོང་བ་མ་ཤེས་ཟེར།
དེའི་རྗེས་སུ། ཁག་སྤྱི་དཔལ་ལྡན་གྱིས་སློབ་གྲོགས་བདེ་གྲོལ་སྨྱོས་འདུག་ཟེར།
ཨོ།
སྐྱེས་མཆོག་རང་གྲོལ་ལ་རྗེས་དྲན་བྱེད་པའི་དགོང་མོ་དེར། སློབ་གྲོགས་བདེ་གྲོལ་གྱིས་ཉལ་ཁང་དུ་ཆང་བཏུངས་ནས་བཟི་ཞིང་། ངུ་ཞོར་དགོད་ཞོར་རང་མོས་སྙན་ངག《ལང་ཚོའི་རྦབ་ཆུ》དབྱངས་སུ་གྱེར་བྱུང་། སློབ་གྲོགས་བདེ་གྲོལ་གྱིས《ལང་ཚོའི་རྦབ་ཆུ》དེ་ལྟར་དབྱངས་ལ་གྱེར་ཚུལ་ནི། ཅི་འདྲའི་གཟབ་ནན་དང་སྙིང་རྗེ་བོ་ཞིག་རེད་ཨང་། དངོས་གནས་རེད་ཨང་།
མཚམས་ཤིག་ལ། སློབ་གྲོགས་བདེ་གྲོལ་གྱིས་གློ་བུར་ང་ཚོ་མི་ཡུལ་དུ་འདི་ལྟར་འཚོས་ན་དོན་སྙིང་ཅི་ཡང་མི་འདུག སྐྱེས་མ་ཐག་ནས་གཏན་ལ་ཕབ་པའི་མི་ཚེ་འདི་ཨང་ཞེས་བཤད་དེ། རང་གི་དངོས་འདྲུད་གསང་སྒམ་ལས་གོན་པ་དང་དཔེ་ཆ་སོགས་དངོས་པོ་དག་ཕྱིར་བླངས་མཐར། བྱམས་པ་གློ་ཉལ་གྱི་འབག་སྐུ་ཞིག་དང་འདྲ་བར། ཐད་ཀར་དངོས་འདྲུད་གསང་སྒམ་དུ་རང་ལུས་གུམ་གུམ་གྱིས་ཉལ་ཞིང་། ཉལ་གྲོགས་དབང་ཕྱུག་བོས་ཏེ་དངོས་འདྲུད་གསང་སྒམ་གྱི་ཁ་གཏན་དུ་བཅུག
དུས་ཚོད་ཕྱེད་ཙམ་འགོར་བ་ན། ཉལ་ཁང་གི་ཉལ་ཁྲིའི་འགྲམ་ན་དངོས་འདྲུད་གསང་སྒམ་དུ་ཉལ་བའི་སློབ་གྲོགས་བདེ་གྲོལ་གྱིས་གཅོམ་ཆུང་གི་སྐད་ཀྱིས་དབང་ཕྱུག དབང་ཕྱུག དབང་ཕྱུག་ཅེས་ཉལ་གྲོགས་དབང་ཕྱུག་འབོད་པ་ཐོས་ཡོང་།ཉལ་གྲོགས་དབང་ཕྱུག་ལ་དངོས་འདྲུད་གསང་སྒམ་གྱི་ཁ་འབྱེད་དུ་བཞག་ནས། སློབ་གྲོགས་བདེ་གྲོལ་རང་གི་དངོས་འདྲུད་གསང་སྒམ་ལས་ཕྱི་ལ་བུད་ཅིང་། ཤུགས་རིང་ཞིག་འཐེན་ཞོར་ང་རང་འདི་ལྟར་གཏན་ནས་འཆི་མ་ཉན། བོད་ཀྱི་མ་འོངས་པའི་སྐྱེས་ཆེན་ཞིག་འདི་ལྟར་བཞུད་སོང་ན་ཤིན་ཏུ་ཕངས་ཨང་ཞེས་ཟེར་ཞིང་། གློ་བུར། དེར་མཐུད་ནས་ཧ་ཅང་སྦོམ་ལ་མཐོ་བའི་ཀི་རིང་ལན་གསུམ་བཏབ་བྱུང་། ཡིན་ནའང་། ཉལ་ཁང་དུ་གྲག་འགུལ་ཅི་ཡང་མ་བྱུང་། ཉལ་གྲོགས་གཞན་དག་གིས་སྔར་བཞིན་སྔུར་བ་ཡང་མོ་ཞིག་འཐེན་བཞིན་འདུག
སློབ་གྲོགས་བདེ་གྲོལ་ལྷམ་ཡང་མ་ཕུད་པར་ཐད་ཀར་རང་གི་ཉལ་ཁྲི་རུ་འགོས་ཏེ་ཉལ་ཐུལ་ལ་འཛུལ་ཞིང་། དེ་ནས་ཉལ་གྲོགས་དབང་ཕྱུག་ལ་རང་གི་སྔར་བྱུང་གཏམ་རྒྱུད་ཅིག་འདི་ལྟར་བཤད་བྱུང་།
“ལོ་སར་ཚེས་གཅིག་གི་ཉིན་མོར། ངས་ཕ་ཡུལ་མར་ནང་གྲོང་ཚོ་རུ་ཁྱིམ་ཚང་རེ་རེ་བཞིན་ལོ་སར་ལ་ཉུག་པ་ཡིན།”
“ལོ་སར་ལ་ཉུག་ནས་ཆང་བཏུངས་པ་ཡིན། སྐབས་ཤིག་ང་རང་རབ་ཏུ་བཟི་སོང་།”
“ངས་རྐང་སྣམ་དམར་པོ་ཞིག་དང་བྲང་ཁར་མགོ་སྐོགས་ཕབ་པའི་ཚི་ལེན་གཙང་མ་ཞིག་གོན་ཏེ། ཕ་ཡུལ་གྱི་སྤྱི་བསང་འཕུད་ས་ལྷ་ཁང་ཆགས་ཀར་སོང་བ་ན། དེར་ང་ཚོ་མར་ནང་གྲོང་ཚོའི་ཡུལ་མི་མང་པོ་ཞིག་མཉམ་དུ་འདུས་ཤིང་བསང་ཕུད་མཆོད་འབུལ་གྱི་ལས་ཀར་ཞུགས་པའི་སྐབས་ལ་ཁེལ་འདུག དུས་དེར། ང་རང་གོམ་པ་འཁྱར་འཁྱོར་ངང་བསང་ཁུག་བཟུང་སྟེ་བསང་ཁྲིའི་འགྲམ་དུ་བསླེབ་ལ་ཉེ་བ་ན། གློ་བུར་གར་ཡོང་ཆ་མི་འཚལ་བའི་མགོ་ཡོམ་ཞིག་འཁོར་ཞིང་། འཐོར་རླུང་གིས་ བསྒྱེལ་བའི་སྡོང་དུམ་བཞིན་ལྟིག་གེར་ཐང་ལ་འགྱེལ་སོང་།”
“དེའི་རྗེས་སུ། ངས་དོན་དག་ཅི་ཞིག་བྱུང་བ་མ་ཤེས།”
“དེའི་རྗེས་སུ། མིག་ཟུང་ག་ལེར་ཕྱེས་པ་ན། ང་རང་ཁྱིམ་གྱི་ཚ་ཐབ་ཏུ་ཉལ་འདུག”
“ཕྱི་དྲོ་དེར། ང་ཚོའི་གྲོང་ཚོའི་ཁ་དབང་ཅན་གྱི་སྡེ་དཔོན་ཧྲུའུ་ཅི་དང་རྒད་པོ་རྒན་གསུམ་འགའ་ཞིག་ངེད་ཚང་ལ་ཡོང་ནས། ཨ་ཕ་ལ་བསང་ཁྲི་བཤིག་པའི་ཆད་པར་སྒོར་མོ་སུམ་བརྒྱ་སྟེར་དགོས་ཟེར། ང་རང་ཅི་བྱུང་ཆ་མ་འཚལ་བར་ཁ་རོག་གེར་ལུས་པའི་སྐབས་སུ། ཨ་ཕས་རང་གི་སྟོད་ཙེའི་ཁུག་མ་ལས་སྒོར་མོ་སུམ་བརྒྱ་བླངས་ཏེ། ང་ལ་མིག་ཅེར་ཞིང་ལག་ཟུང་འདར་ཞོར་ཁོ་ཚོའི་ལག་ ལ་སྒོར་མོ་སུམ་བརྒྱ་བཞག་སོང་།”
“དེའི་རྗེས་སུ། ངས་ཕ་ཡུལ་གྱི་ཁ་ཡ་ན་ཟླ་ཡིན་ལ་ཆུང་སྐྱེས་ཆུང་གྲོགས་ཀྱང་ཡིན་པའི་རྩེད་རོགས་ཤིག་ལ་ང་ཚོ་བོད་ཀྱི་དད་པ་སྒོར་མོ་སུམ་བརྒྱས་ཁུགས་སོ་ཞེས་བཤད་མྱོང་།”
“དེའི་རྗེས་སུ། སྙན་ངག་པ་ཞིག་གིས་ངའི་སྐད་ཆ་དེ་བརྐུས་སོང་།”
“དེའི་རྗེས་སུ། སྙན་ངག་པ་ཞིག་གིས་ངའི་སྐད་ཆ་དེ་བརྐུས་ཏེ་གྲོང་ཁྱེར་ཟི་ལིང་ལ་ཁྱེར་སོང་།”
“དེའི་རྗེས་སུ། སྙན་ངག་པ་དེས་དུས་དེབ་རྩོམ་སྒྲིག་པ་ཞིག་དང་མཉམ་དུ་ཆང་དཀར་འཐུང་ཞོར། བོད་ཀྱི་དད་པ་སྒོར་མོ་སུམ་བརྒྱས་ཁུགས་སོ་ཞེས་བཤད་མྱོང་ཟེར།”
དེའི་རྗེས་སུ། ཉལ་གྲོགས་དབང་ཕྱུག་གིས་སློབ་གྲོགས་བདེ་གྲོལ་སྨྱོས་འདུག་ཟེར།
ཨ།
སློབ་གྲོགས་བདེ་གྲོལ་གྱིས་ཁ་ཡིག་ལ《སློབ་གྲོགས་གུ་དྲག》ཅེས་པའི་སྒྲུང་ཐུང་ཞིག་བྲིས་ནས། 《མཚོ་སྔོན་ཁྲིམས་ལུགས་ཚགས་པར》གྱི་རྩོམ་རིག་པར་ངོས་ཏེ་སྒྱུ་རྩལ་རིག་པའི་དོ་རར་བཀོད་འདུག་ཟེར།
ཡིན་ནའང་། ངས་ཁོའི《སློབ་གྲོགས་གུ་དྲག》ཅེས་པའི་སྒྲུང་ཐུང་དེ་གཏན་ནས་རིག་མ་མྱོང་།
ཉིན་ཞིག་ལ། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལྷ་མོ་དང་རང་གི་ཁྱོ་ གའི་བར་དུ་ཁྱིམ་ཚང་གི་དོན་དག་ཙག་ཙིག་ཅིག་བརྩད་དེ་ཁ་རྩོད་ཤོར་བས། གློ་བུར་མོའི་ཡིད་ལ་སྔོན་ཆད་བཀླགས་པའི་སྒྲུང་ཐུང་དེ་གསལ་ལྷང་ངེར་འཁོར་ཡོང་།
《སློབ་གྲོགས་གུ་དྲག》ཀློག་པའི་སྐབས་དེར། ཀྲུའུ་ཞི་ལྷ་མོའི་སེམས་སུ་སྒྲུང་ཐུང་གི་མི་སྣ་དང་རང་གི་ཁྱོ་ག་གཉི་གའི་མིང་ལ་གུ་དྲག་ཟེར་བ་དང་། སྒྲུང་ཐུང་གི་རྩོམ་པ་པོའང་རང་གི་སློབ་གྲོགས་ བདེ་གྲོལ་ཡིན་ལ། ཁོ་གཉིས་ཀྱང་གཅིག་གིས་མི་ཟ་ན་གཅིག་གིས་མི་འཐུང་བའི་བཟང་ས་རྒྱན་ས་ཡིན་པས། ཐེངས་འདིར། སློབ་གྲོགས་བདེ་གྲོལ་གྱིས་གསལ་ཆ་ཆེ་བའི་རང་གི་ཁྱོ་ག་གུ་དྲག་གི་ཞེ་མེར་ཞིང་སྐྱུག་བྲོ་བའི་འདས་སོང་གི་སློབ་ཆེན་འཚོ་བ་མངོན་སུམ་དམར་རྗེན་དུ་བྲིས་འདུག་སྙམ་མྱོང་།
“ཁོ་དེ་འདྲ་ཞིག་གཏན་ནས་ཡིན་མི་སྲིད།”
“ཁོ་དེ་འདྲ་ཞིག་ཡིན་སྲིད་དམ།”
ཡིན་ཡང་། ཀྲུའུ་ཞི་ལྷ་མོ་རང་གི་ཁྱོ་ག་གུ་དྲག་སྐྱེས་པ་དེ་འདྲ་ཞིག་ཡིན་པར་གཏན་ནས་ཡིད་མ་ཆེས། གཏན་ནས་ཡིད་ཆེས་མ་མྱོང་།
“ཁོ་དེ་འདྲ་ཞིག་གཏན་ནས་ཡིན་མི་སྲིད།”
“ཁོ་དེ་འདྲ་ཞིག་ཡིན་སྲིད་དམ།”
“ཁོ་དེ་འདྲ་ཞིག་གཏན་ནས་ཡིན་མི་སྲིད།”
“ཅིའི་ཕྱིར་ང་རང་ཁོ་ལ་གཉེན་བསྒྲིགས་པ་ཡིན་ནམ།”
“ཨིན་ཧིན། མིན། གཏན་ནས་མིན། ཁོ་དེ་འདྲ་ཞིག་གཏན་ནས་ཡིན་མི་སྲིད།”
ཉིན་ཞིག་ལ། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལྷ་མོ་དང་རང་གི་ཁྱོ་གའི་བར་དུ་ཁྱིམ་ཚང་གི་དོན་དག་ཙག་ཙིག་ཅིག་བརྩད་དེ་ཁ་རྩོད་ཤོར་བས། གློ་བུར་མོའི་ཡིད་ལ་ སྔོན་ཆད་བཀླགས་པའི་སྒྲུང་ཐུང་དེ་གསལ་ལྷང་ངེར་འཁོར་ཡོང་།
སྒྲུང་ཐུང་གི་རྒྱན་འཇོག་ཆང་འཐུང་དང་ཆགས་ཅན་གཉིད་དགའི་ཆོ་མེད་བསམ་སྦྱོར་སྤེལ་མཁན་མི་སྣ་གུ་དྲག་དྲན་ཡོང་། མི་སྣ་གུ་དྲག་ཡང་ཡང་དྲན་ཡོང་།
《སློབ་གྲོགས་གུ་དྲག》ཀློག་པའི་སྐབས་དེར། ཀྲུའུ་ཞི་ལྷ་མོའི་སེམས་སུ་སྒྲུང་ཐུང་གི་མི་སྣ་དང་རང་གི་ཁྱོ་ག་གཉི་གའི་མིང་ལ་གུ་དྲག་ཟེར་བ་དང་། སྒྲུང་ཐུང་གི་རྩོམ་པ་པོའང་རང་གི་སློབ་གྲོགས་ བདེ་གྲོལ་ཡིན་ལ། ཁོ་གཉིས་ཀྱང་གཅིག་གིས་མི་ཟ་ན་གཅིག་གིས་མི་འཐུང་བའི་བཟང་ས་རྒྱན་ས་ཡིན་པས། ཐེངས་འདིར། སློབ་གྲོགས་བདེ་གྲོལ་གྱིས་གསལ་ཆ་ཆེ་བའི་རང་གི་ཁྱོ་ག་གུ་དྲག་གི་ཞེ་མེར་ཞིང་སྐྱུག་བྲོ་བའི་འདས་སོང་གི་སློབ་ཆེན་འཚོ་བ་མངོན་སུམ་དམར་རྗེན་དུ་བྲིས་འདུག་སྙམ་མྱོང་།
སྒྲུང་གི་མི་སྣ་གུ་དྲག་དྲན་ཡོང་བས། མི་སྣ་གུ་དྲག་ཡང་ཡང་དྲན་ཡོང་བས། གུ་དྲག་དྲན་ཐེངས་རེ་རེར། ཀྲུའུ་ཞི་ལྷ་མོ་རང་གི་ཁྱོ་ག་གུ་དྲག་གི་གཏམ་སྤྱོད་ལའང་ཡི་མ་རངས་ཞེ་མི་དགའ་བར་ འགྱུར་ཞིང་། རང་གི་ཁྱོ་ག་གུ་དྲག་ལ་སྔར་མེད་དོགས་པ་ཟོས་ཤིང་གོ་བ་ཡང་ཡོངས་སུ་ལོག་སོང་།
ཀྲུའུ་ཞི་ལྷ་མོས་ལག་ཏུ《མཚོ་སྔོན་ཁྲིམས་ལུགས་ཚགས་པར》ཚི་སྟུག་མ་ཞིག་ཁྱེར་ཏེ་རྫོང་མི་དམངས་ཁྲིམས་ཁང་དུ་སོང་ཞིང་། ཁྲིམས་ཁང་གི་ལས་བྱེད་པར་རང་གི་ཁྱོ་ག་གཏུགས་ནས། ཁྱོ་ག་དང་གཉེན་འཐོར་བའི་བསམ་ཚུལ་ཞུས།
ཉིན་འགའི་རྗེས་སུ། མི་དམངས་ཁྲིམས་ཁང་གི་ལས་བྱེད་པས་ཁ་པར་བཏང་ནས་ཀྲུའུ་ཞི་ལྷ་མོ་གཞུང་ལས་ཁང་དུ་བོས་ཏེ། རྩོམ་རིག་བརྩམས་ཆོས་སྒྱུ་རྩལ་ཐོན་རྫས་སུ་གཏོགས་ཤིང་། སྒྱུ་རྩལ་ཐོན་རྫས་ང་ཚོའི་མངོན་སུམ་འཚོ་བ་དང་འགལ་བས། རྩོམ་རིག་བརྩམས་ཆོས་ལ་ཁྲིམས་ལུགས་བདེན་དཔང་གི་རྒྱུ་ཆའི་ནུས་པ་གཏན་ནས་མེད་ཅེས་ལན་འགར་སྨྲས་བྱུང་།
ཀྲུའུ་ཞི་ལྷ་མོ་བློ་ཕམ་ཡིད་ཆད་དང་བཅས་རྫོང་མི་དམངས་ཁྲིམས་ཁང་ལས་གྱེས་ཏེ། གློ་བུར་རང་གི་ཚེ་གང་གི‘བདེ་སྐྱིད’བོར་སོང་སྙམ་པའི་རྡོ་ཁང་གྲུ་བཞི་གླིང་བཞི་དེ་རུ་ལོག
ཉིན་དེ་ནས་བཟུང་སྟེ། ཆུང་མ་ཞིག་གིས《མཚོ་སྔོན་ཁྲིམས་ལུགས་ཚགས་པར》ཚི་སྟུག་མ་ཞིག་བཟུང་ནས་མི་དམངས་ཁྲིམས་ཁང་དུ་སོང་ཞིང་། རང་གི་ཁྱོ་ག་གཏུགས་པའི་གསར་འགྱུར་དགོད་བྲོ་བ་ཞིག་རྫོང་མཁར་འདིའི་གྲུ་ཟུར་གང་སར་དྲག་རླུང་གཡུག་པ་བཞིན་ཁྱབ།
གཅིག་གིས་བཅུ་ལ་བཤད། བཅུ་ཡིས་བརྒྱ་ལ་བཤད། བརྒྱ་ཡིས་སྟོང་ལ་བཤད། ……
ཉིན་དེ་ནས་བཟུང་སྟེ། ཆུང་མ་ཞིག་གིས《མཚོ་སྔོན་ཁྲིམས་ལུགས་ཚགས་པར》ཚི་སྟུག་མ་ཞིག་བཟུང་ནས་མི་དམངས་ཁྲིམས་ཁང་དུ་སོང་ཞིང་། རང་གི་ཁྱོ་ག་གཏུགས་པའི་གསར་འགྱུར་དགོད་བྲོ་བ་ཞིག་རྫོང་མཁར་འདིའི་གྲུ་ཟུར་གང་སར་དྲག་རླུང་གཡུག་པ་བཞིན་ཡོངས་སུ་ཁྱབ།
“མ་འོངས་པར་གཏམ་རྒྱུད་དེ་བརྩམས་སྒྲུང་དུ་བྲིས་ཏེ《སྦྲང་ཆར》དུ་འགོད་མཁན་རྩོམ་པ་པོ་ཞིག་བྱུང་ན་ཅི་མ་རུང་།”
“འོ་ལེ། ཧ་ཅང་རེ་བ་ཆེ་ཨང་། མ་འོངས་པར་གཏམ་རྒྱུད་དེ་བརྩམས་སྒྲུང་དུ་བྲིས་ནས《སྦྲང་ཆར》དུ་འགོད་མཁན་རྩོམ་པ་པོ་ཞིག་བྱུང་ན་ཅི་མ་རུང་།”
དེའི་རྗེས་སུ། ཀྲུའུ་ཞི་ལྷ་མོས་སློབ་གྲོགས་བདེ་གྲོལ་སྨྱོས་འདུག་ཟེར།
ང་ཚོ་མཐོ་འབྲིང་མཐར་ཕྱིན་ནས་ལོ་ངོ་མང་པོ་ཞིག་འགོར་སོང་། འོན་ཏེ། ང་རང་སློབ་གྲོགས་བདེ་གྲོལ་ལ་ཐེངས་གཅིག་ཀྱང་ཐུག་མ་མྱོང་།
ང་རང་སློབ་གྲོགས་བདེ་གྲོལ་སྨྱོས་འདུག་ཟེར་མཁན་གྱི་མི་དེ་དག་ལ་ཐེངས་གཅིག་ཐུག་ན་ཅི་མ་རུང་ཨང་།
མཚམས་ལན་རེར། མཚམས་ཚིགས་ཅི་ཡང་མེད་པར་སློབ་གྲོགས་བདེ་གྲོལ་དྲན་པ་དང་འདྲ་བར། ངས་སློབ་གྲོགས་བདེ་གྲོལ་སྨྱོས་འདུག་ཟེར་མཁན་གྱི་མི་དེ་དག་ཀྱང་མཚམས་ཚིགས་ཅི་ཡང་མེད་པར་ཡང་ཡང་དྲན་ཡོང་།
རླུང་གིས་ཁུར་བའི་དུས་ཚོད་དང་། ལྦུ་བ་སོབ་སོབ་ལྟ་བུའི་སྤྱི་ཚོགས་འདིའི་ཁུག་སྣེ་གང་རུང་དུ། ང་རང་བདེ་སྡུག་དགའ་སྐྱོ་གང་གི་མཚོ་མོར་ཞུགས་ནའང་། སློབ་གྲོགས་བདེ་གྲོལ་དང་སློབ་ གྲོགས་བདེ་གྲོལ་གྱི་གསང་རྣམ་དུ་ལུས་པའི་གཏམ་རྒྱུད་དག་ཡང་ཡང་དྲན་ཞིང་། མ་འོངས་པའི་མི་ཚེའི་བགྲོད་ལམ་དུ་སླར་ཡང་སློབ་གྲོགས་བདེ་གྲོལ་ལ་ཐེངས་གཅིག་ཐུག་ན་ཅི་མ་རུང་སྙམ། །