བུམ་པ།
--གདོན་མིག
--གདོན་མིག
ད་ལོའི་ལོ་སར་ལ་གསེར་ཏོག་སྡེ་བར་སྟོན་མོ་ཧ་ཅང་མང་སྟེ། གྱ་སྟོན་དང་མནོལ་སྟོན། གཉེན་སྟོན། ཁང་སྟོན་སོགས་མང་པོ་ཞིག་ཡོད། ཨ་ཁུ་ཚེ་བརྟན་ཚང་གི་དབང་རྒྱལ་ལའང་ལོ་མགོ་འདིར་གཉེན་སྟོན་བྱས་པ་རེད། བསམ་ཡིད་ལས་འདས་པ་ཞིག་ལ། ཨ་ཁུ་ཚེ་བརྟན་ཚང་གི་བག་མ་སྟེ་དབང་རྒྱལ་གྱི་ཆུང་མ་སྒྲོལ་དཀར་བག་འཕྲད་དུ་ཡོང་བའི་ཕྱི་ཉིན་ཕྱིར་ཡུལ་ལ་བུད་སོང་། དེ་ནས་བཟུང་། འབའ་སྟོད་ནས་བླངས་པའི་བག་མ་དེ་གསེར་ཏོག་སྡེ་བའི་ཨ་ཁུ་ཚེ་བརྟན་ཚང་ལ་གོམ་པ་གང་ཡང་མ་སྤོས། རྗེས་སུ་གོ་ཐོས་ལྟར་ན་གནས་ངན་བལྟས་ཏེ་གཉེན་འཐོར་བྱས་སོང་ཟེར། གང་ལྟར། དབང་རྒྱལ་ལོ་ན་སུམ་ཅུར་བུད་དེ་ཆུང་མ་ཞིག་བླངས་པའང་དེ་ལྟར་ཞག་གཅིག་ལ་མ་གཏོགས་ཁོ་ལ་དབང་མ་སོང་། དྲང་མོར་བཤད་ན། ཞག་མ་གཅིག་ལའང་དབང་མེད་དེ། བག་མ་ཡོང་བའི་མཚན་མོ་དེར་ཁོ་ཕྱི་རོལ་ལ་སྟེགས་གྲུག་རྒྱག་ཏུ་སོང་ནས་ཕྱིར་འབྱོར་དུས་ནམ་གུང་ལ་སླེབས་འདུག ཏག་ཏག་དབང་རྒྱལ་བག་གསར་གྱི་རུམ་ལ་འཛུལ་བ་ནས་ཐོ་རེངས་ཀྱི་སྐྱ་མདའ་འགྱོག་པར་དུས་ཚོད་མང་པོ་ཞིག་འགོར་མ་སོང་། གང་ལྟར། ཉིན་དེའི་ཞོགས་པ་དེ་ནི་དབང་རྒྱལ་དང་བག་གསར་གཉིས་ཐེངས་དང་པོ་འཕྲད་པའི་ཞོགས་པ་ཞིག་ཡིན་ལ། ཆེས་མཐའ་མཇུག་འཕྲད་པའི་ཞོགས་པ་ཞིག་ཀྱང་ཡིན།
དེའི་རྗེས་ཀྱི་འཚོ་བའི་ནང་དུ། དབང་རྒྱལ་ཞག་མ་གཅིག་ལའང་ཡུལ་ནས་མི་འདུག ཧོ་ཇིང་རྟགས་ཅན་གྱི་འཕྲུལ་རྟ་དམར་པོ་དེ་ཞོན་ནས། ནམ་རྒྱུན་མུན་རུབ་ལ་ཉེ་དུས་སྒོར་བུད་དེ་ལུང་མདོའི་སྲང་ལམ་གཤག་ནས་བུད་འགྲོ། མཚན་མོ་རེ་རེར་ཁོ་གང་ལ་འགྲོ་བ་དང་ཅི་ཞིག་སྒྲུབ་ཀྱིན་པ་སུས་ཀྱང་མི་ཤེས། ཡིན་ནའང་། ཐོ་རེངས་ཀྱི་སྐབས་དང་། ཡང་ན། རི་རྩེར་ཉི་མ་རྒྱབ་པའི་དུས་ནི་ཏག་ཏག་དབང་རྒྱལ་ཕྱིར་ཡུལ་ལ་ལོག་པའི་དུས་ཚོད་ཡིན། སྡེ་བའི་ནང་དུ་དབང་རྒྱལ་ཕར་འགྲོ་དུས་མཐོང་མཁན་ཧ་ཅང་དཀོན་ལ། ཚུར་ཡོང་དུས་རིག་མཁན་ལྡོག་སྟེ་ཤིན་ཏུ་མང་། ལྷག་པར་དུ། ཐོ་ཐེངས་དུས་ནས་ཡར་ལངས་ཏེ་སྒྲོལ་མ་འདོན་ཞོར་འབྲི་མོ་བཞོ་བའི་བུད་མེད་ཚོ་ནི། དབང་རྒྱལ་ཕྱིར་ཁྱིམ་ལ་ཡོང་གིན་པ་མཐོང་མཁན་ཡིན། སྐབས་རེར། ལུང་བའི་ཕུ་ནས་མར་ཐོན་བྱུང་ཟེར། སྐབས་སྐབས་སུ། རི་རྒན་སྐེད་ལམ་བརྒྱུད་དེ་སླེབས་བྱུང་ཟེར། ལན་རེར། གཞུང་ལམ་དེད་དེ་ཐོན་བྱུང་ཟེར།
དེ་བས། གསེར་ཏོག་སྡེ་བའི་ནང་དུ་བཤད་ཡམས་ཀྱང་སྣ་ཚོགས་ཤིག་ཐོས་རྒྱུ་འདུག ལ་ལས་ཁོ་སྔོན་ཆད་གཉེན་འཐོར་བྱས་ཟིན་པའི་སྒྲོལ་དཀར་ཡོད་སར་མག་པ་འགྲོ་ཡི་ཡོད་ཟེར། ལ་ལས་ཁྱོ་ག་ཤི་ཟིན་པའི་བུད་མེད་ཅིག་ལ་མཐུན་ཡོད་རབས་བཤད། ལ་ལས་སྟེགས་གྲུག་རྩེ་སར་རྒྱལ་འཇོག་གི་ཡོད་རབས་བཤད། གང་ལྟར། བཤད་ཡམས་འདི་དག་གཅིག་རྗེས་གཉིས་མཐུད་ཀྱིས་དབང་རྒྱལ་གྱི་རྣ་རྩར་ལྷུང་དུས། ཁོའི་གདོང་ལ་ཡིད་ཚིམས་པའི་འཛུམ་ཞིག་ཕྱུང་སྟེ། ཅུང་རྐོར་བབས་པའི་ཡ་མཆུའི་གཞོག་གཉིས་སུ་ཤད་པའི་ཁ་སྤུར་བྱིལ་བྱིལ་བྱེད་ཞོར། མིག་གིས་ཕ་གའི་རི་རྩེར་ལྟ་བཞིན་སྐད་ཆ་གཅིག་ཀྱང་མི་བཤད།
ལོ་དེར། གསེར་ཏོག་སྡེ་བའི་ནང་དུ་། དབྱར་གྱི་ཆར་བ་ལས་དབང་རྒྱལ་སྐོར་གྱི་བཤད་ཡམས་མང་། བཤད་ཡམས་ཇི་ལྟར་མང་ན་དབང་རྒྱལ་ལ་དེ་བས་དགའ་སྤྲོ་ཚད་མེད་སྐྱེ་བཞིན་ཡོད། སྔོན་གྱི་དབང་རྒྱལ་ནི་སྨྲ་བ་ཉུང་ཞིང་གཉོམ་ཆུང་ཞིག་ཡིན་ལ། ད་ལྟ། ཁོ་རྫི་བོར་སོང་སྟེ་རི་མཐོ་ས་སླེབས་ན་ཀི་འདེབས། ཁིས་ཁ་ཉག་གར་བུད་ན་གླུའང་ལེན། ཁོའི་གླུ་སྐད་ཀྱིས་གསེར་ཏོག་སྡེ་བའི་རི་ཐང་ཡོངས་སུ་དཀྲོག་མྱོང་། ཡིན་ནའང་། ཁོ་དགོང་མོ་ཕྱི་ལ་སོང་ནས་ནམ་གུང་ཕྱིར་ཡོང་བ་ལ་སྔར་བཞིན་འགྱུར་བ་ཅི་ཡང་བྱུང་མེད།
ས་སྲོད་ཅིག་ལ། དབང་རྒྱལ་གྱིས་ལུག་ཁྱུ་ལུག་རའི་ནང་འཇུག་པའི་སྐབས་སུ་ཨ་ཕ་ཚེ་བརྟན་ཁོའི་ཉེ་སར་བཏུད་ཀྱིན“ཞི་ལུ། ཁྱོད་སྒྲོལ་དཀར་ཡོད་སར་མག་པ་འགྲོ་རྒྱུ་རེད་ཟེར་བ་བདེན་ནམ”ཟེར། ཁོས་རླུང་ཁ་ནས་ཨ་ཕའི་སྐད་ཆ་དེ་གསལ་བོར་གོ་ནའང་། ཁོས་སྔར་བཞིན་སྐད་ཆ་དེར་ལན་ཅི་ཡང་མ་བཏབ། ལུག་ཐམས་ཅད་ལུག་རའི་ནང་དུ་འཛུལ་ཚར། ལུག་རའི་གཡས་གཡོན་གྱི་འཚུབ་མ་སྐྱ་ལང་ངེ་བ་དེ་དག་སྡེ་བའི་སྲང་མདོ་རེ་རེ་བརྒྱུད་ནས་བུད་སོང་། དེ་ནི། ཨ་ཕ་ཚེ་བརྟན་གྱི་སྐད་ཆ་དེར་གཏན་དུ་ལན་འདེབས་མཁན་མེད་པ་དང་མཚུངས། ཨ་ཕ་ཚེ་བརྟན་ཉི་ནུབ་ཁྲོད་ཀྱི་གྲིབ་གཟུགས་རིང་བོ་དེའི་སྣེ་མོ་ན་འགྲེང་འདུག དབང་རྒྱལ་ཁྱིམ་ལ་ལོག་སོང་།
དེ་ལྟར། དུས་ཚིགས་ཡོལ་ནས་དགུན་ལ་སླེབས་ནའང་། དབང་རྒྱལ་མག་པར་བུད་སོང་བའི་དོན་དངོས་ཤིག་མ་བྱུང་བར། སྔོན་གྱི་བཤད་ཡམས་དེ་ཚོ་གཅིག་གཉིས་ལ་བསྒྱུར། གཉིས་བཞི་ལ་བསྒྱུར་ཏེ་བཤད་ཀྱང་སྡེ་བའི་ནང་གི་མི་གཅིག་གི་ཁ་ཐོག་ཏུའང་མ་སོང་། ཡིན་ནའང་། གསེར་ཏོག་སྡེ་བའི་མི་ཁ་ཡོད་ཚད་ཁོའི་སྟེང་ལ་འཁོར་གྱིན་ཡོད། དཔེར་ན། ཨ་ཁུ་འཇིགས་མེད་ཚང་གི་བུ་འབྲིང་བ་བསམ་འཕེལ་ཁོ་གཉིས་ཐེངས་ཤིག་སྟེགས་གྲུག་ཁང་ཞིག་ཏུ་ཅུང་མ་འཆམ་པ་བདེན་ཡང་། བསམ་འཕེལ་བཟའ་ཟླ་གཉིས་གཉེན་འཐོར་བྱས་པ་དེ་དབང་རྒྱལ་ལ་འབྲེལ་བ་སྤུ་ཙམ་མེད་མོད། བསམ་འཕེལ་བཟའ་ཟླ་གཉིས་གཏོར་མཁན་དབང་རྒྱལ་རེེད་ཅེས་ཀུན་གྱི་ཁ་ན་རླུང་ལྟར་གྲགས།
སྐད་ཆ་དེ་འདྲ་མང་པོ་ཞིག་ཐོས་འཕྲད། དབང་རྒྱལ་གྱི་ཨ་ཕ་ཚེ་བརྟན་ཚིག་པ་ཟ་བཞིན་གཏམ་དེ་བདེན་མིན་ལ་གང་ནུས་ཀྱིས་རྩད་བཅད་མོད། དོན་ཐོག་ཏུ་བླངས་ཆོག་པའི་བདེན་རྫུན་གྱི་དཔང་རྟགས་ཅི་ཡང་མ་ཆུད། འོན་ཀྱང་། དབང་རྒྱལ་ལ་སྐད་ཆ་དེས་ཕོག་ཐུག་ཅི་ཡང་བཟོ་མ་ཐུབ་པར། སྔར་བཞིན་གདོང་ལ་འཛུམ་ཞིག་ལངས་བཞིན་ལམ་ཟུར་དང་གྱང་སྣེ་གང་རུང་ནས་སྡེ་མི་སུ་ལ་ཐུག་ཀྱང་། ནག་ཅིང་དཀྱུས་རིང་བའི་མིག་ཟུང་གི་གཏིང་རོལ་ཏུ་དགའ་བའི་མདངས་ཤིག་སྦས་ཏེ“བདེ་མོ། བདེ་མོ”ཞེས་ཀུན་ལ་འཚམ་འདྲི་བྱེད།
“དབང་རྒྱལ། ཁྱེད་ཀྱིས་སྡེ་བའི་ནང་གི་བཤད་ཡམས་དེ་དག་ཐོས་ན་ངོ་མི་ཚའམ། སྐད་ཆ་སྐོར་ཞིག་ལ་ཁྱོད་རང་གིས་གསལ་བཤད་ཅིག་བྱས་ན་རེད”ཨ་ཕས་བཤད།
ཁོས་ལག་གཡོན་པའི་ནང་གི་ཤ་དང་ལག་གཡས་ཀྱིས་བཟུང་བའི་གྲི་དེ་མཉམ་པོར་སྡེར་གཞོང་དུ་ཕྱིར་བཞག་ཅིང་། དཀར་ཡོལ་དང་ཐུར་མ་བཟུང་སྟེ་ཐིག་པ་འཐུང་བ་ལས་ལན་ཅི་ཡང་མི་འདེབས། རླུང་ལྟར་འུར་བའི་བཤད་ཡམས་དེ་དག་ཨ་ཕ་ཚེ་བརྟན་ལ་ཤིན་ཏུ་གནོད་ཡོད་ནའང་། དབང་རྒྱལ་གྱི་ལུས་སེམས་ལ་བཤད་ཡམས་དེའི་རྗེས་ཤུལ་ཙམ་མེད་པའི་ཉམས་སྣང་ཞིག་སྟེར་བར་བྱེད།
“ཁྱོད་སུ་ལ་སྐྲག་གམ། སྡེ་བ་ཙིག་ཚང་འདྲ་བ་འདི་རུ། སུ་ལ་སྐྲག་ནས་སུ་ལ་སྒུར་རམ”ཨ་ཕས་བཤད།
“ངས་སྐྲག་དགོས་ས་ཞིག་ཅི་ཡང་སྒྲུབ་མེད”དབང་རྒྱལ་གྱིས་བཤད།
“དེ་ན། བཤད་ཡམས་དེ་དག་ཅི་ཡིན་ནམ”ཨ་ཕས་བཤད།
སྐད་ཆ་དེ་ལའང་ལན་བཏབ་མ་བྱུང་། དབང་རྒྱལ་ཡར་ལངས་ནས་སྒོར་བུད་སོང་། ཁོ་ཡར་ལངས་པ་དང་སྒོར་འགྲོ་བའི་རྒྱབ་གཟུགས་སོགས་ལའང་མ་རངས་པའི་རྣམ་འགྱུར་ཅི་ཡང་མི་འདུག ཧ་ཅང་བབས་ཆགས་ཤིང་ལྷོད་བག་ལྡན་པ་ཞིག་རེད། ཅུང་ཙམ་གྱི་རྗེས་སུ། ཁོ་ཕྱིར་ཁྱིམ་དུ་ཡོང་སྟེ“ཨ་ཕ། ང་ལ་ཕེན་ཀོ་རྟགས་ཅན་གྱི་ཁ་པར་ཞིག་ཉོས་ན་ཨེ་ཆོག ཁ་པར་དེ་ཡོད་ཚེ་ང་ལ་འཕྲུལ་རྟ་མེད་ན་ཆོག”ཟེར། ཨ་ཕ་ཚེ་བརྟན་ཁོའི་གདོང་ལ་འཇུར་འདུག་པ་ལས་ཁ་ཅི་ཡང་མ་གྲགས། དེ་ནས། དབང་རྒྱལ་སླར་ཡང་སྒོར་བུད་སོང་། ཕྱི་རོལ་ནས་སྦག་སྦག་གི་སྒྲ་དེ་སྒོ་དང་སྒེའུ་ཁུང་བརྒྱུད་དེ་ཨ་ཁུ་ཚེ་བརྟན་ཚང་གི་ཁྱིམ་དུ་མཆེད་འོང་ལ། དེས་ཁོ་བཟའ་ཟླ་གཉིས་ཀྱི་ལྷིང་འཇགས་ཀྱི་ཁ་དབུགས་དེ་རེ་ཞིག་ཟིང་ཟིང་དུ་བཏང་།
ལོ་དེའི་སྟོན་ཁ་ནས་བཟུང་སྟེ། ཀུ་ཤུ་རྟགས་ཅན་གྱི་ཁ་པར་དེ་རྒྱུག་ཆེན་པོར་དར་བཞིན་འདུག སྡེ་བའི་ནང་གི་ལོ་ཆུང་ཕལ་ཆེ་བས་ཁ་པར་དེ་བཟུང་ཡོད་ཅིང་། ཁ་པར་དེ་ནི་དུས་སྐབས་དེའི་དར་སྲོལ་གྱི་རླབས་རྒྱུན་ཞིག་ཏུ་གྱུར་ཡོད། ཡིན་ནའང་། ཀུ་ཤུ་ཁ་པར་དེ་དར་ནས་ཡུན་རིང་མ་སོང་བར། ཁ་པར་དེའི་མིང་ལ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་མི་ཟེར་བར་བུམ་པ་རྟགས་ཅན་གྱི་ཁ་པར་ཟེར། མིང་འདི་ནི་གསེར་ཏོག་སྡེ་བས་བཏགས་པ་ཞིག་ཀྱང་མིན་ཏེ། ཀུ་ཤུ་ཁ་པར་དར་བ་དང་བསྟུན་འབྲོག་སྡེ་ཆེན་པོ་གཅིག་ནས་གཅིག་ལ་བརྒྱུད་དེ་བཏགས་འོང་བའི་མིང་ཞིག་ཡིན། དེ་ནས་བཟུང་། “ཁྱེད་ཀྱིས་ཁ་པར་བུམ་པ་ཞིག་བཟུང་ཡོད་དམ། བུམ་པ་དེ་ཡག་པ་ལ་ཨང”ཟེར་བ་ལས། ཀུ་ཤུ་ཞེས་པའི་ཐ་སྙད་དེ་ཁ་པར་དེའི་སྟེང་ནས་གློ་བུར་ག་སོང་ཆ་མེད་དུ་གྱུར།
ལོ་སར་སླེབས་ལ་ཉེ། ཚེ་བརྟན་ཕ་བུ་གཉིས་ཀ་འཕྲུལ་རྟ་ཞོན་ནས་རྫོང་ཐོག་ཏུ་སོང་། ཕྱིར་ཡོང་ཁར་དབང་རྒྱལ་ལ་བུམ་པ་རྟགས་ཅན་གྱི་ཁ་པར་ཞིག་ཉོས་ཏེ་སླེབས་བྱུང་། དེ་ནས་བཟུང་། ཁོ་མི་མང་སར་འགྲོ་བར་དགའ་ཞིང་། གློ་ཁུག་ལས་བུམ་པ་རྟགས་ཅན་གྱི་ཁ་པར་དེ་ཧུར་གྱིས་བླངས་ཏེ་རྣ་རྩར་གླན་ཞོར་མིག་གིས་ཕར་ཚུར་ལ་བལྟ། ཡིན་ནའང་། དེ་དུས། ཀུན་གྱིས་བུམ་པ་རྟགས་ཅན་གྱི་ཁ་པར་བཟུང་ཡོད་པས་ཁོ་ལ་མཚར་སྣང་འཛིན་མཁན་ཅི་ཡང་མ་བྱུང་། ཁོས་བསམ་པར། དེ་ནི་ཁ་པར་གྱི་མིང་དངོས་ཏེ་ཀུ་ཤུ་ཞེས་མི་འབོད་པར། བུམ་པ་ཞེས་མིང་གཞན་ཞིག་བཏགས་པའི་རྒྱུ་མཚན་གྱིས་ཡིན་པར་འདོད། མ་མཐའ་ཡང་ཁོས་ནམ་རྒྱུན་ཆ་འཇོག་དེ་ལྟར་བྱེད་བཞིན་ཡོད།
ཐེངས་ཤིག་ལ། ཁོས་ཁྱིམ་ནས་ཁ་པར་གྱི་དྲ་རྒྱ་ཉུལ་དུས། ཀུ་ཤུ་ཁ་པར་གྱི་སྐུ་ཕྲེང་གསར་བའི་ཁྱབ་བསྒྲགས་ཤིག་མཐོང་བའི་མོད་ལ། “ཨ་ཕ། ཀུ་ཤུ་ཁ་པར་གསར་བ་ཞིག་ཐོན་གྲབ་འདུག”ཅེས་བཤད་མ་ཐག་ཏུ། དབང་རྒྱལ་གྱི་ཨ་མ་བདེ་འཛོམས་དང་ནུ་མོ་མེ་ཏོག་གཉིས་འཚུབ་རྒྱག་གིས་སྒོ་ཕྱིར་བྲོས་སོང་།
ཨ་ཕ་ཚེ་བརྟན་གྱིས་མ་རངས་པའི་མིག་གིས་ཁོ་ལ་བལྟས་འདུག
“བུམ་་་་་་། བུམ་པ་གསར་བ་ཞིག”ཞེས་ཧ་ཅང་དོགས་མི་བདེ་བའི་ངང་ངག་ལྐུག་གིན་བཤད།
ལོ་གསར་བ་ཞིག་ཚེས་སོང་། དབང་རྒྱལ་གྱིས་ཡང་བསྐྱར་ཆུང་མ་གསར་བ་ཞིག་བླངས་སོང་། ཆུང་མ་དེ་ནི་ཆུ་བཟང་སྡེ་བའི་ཨ་ཁུ་རྟ་ཁོ་ཚང་གི་བུ་མོ་འབྲིང་བ་གཡུ་མཚོ་རེད། སྔོན་རིན་སྤུངས་སྡེ་བར་གནས་ལ་སོང་མོད། ལོ་གཅིག་གི་རྗེས་སུ་བུ་ཞིག་ཁོག་ལ་བཟུང་ནས་གཉེན་འཐོར་བྱས། གཡུ་མཚོ་ནི་དབང་རྒྱལ་ལས་ལོ་བཞི་ཡིས་ཆུང་། སྐྱེ་གཟུགས་ཡག་ལ་ལག་ལས་ཀའི་ཕྱོགས་ལ་བྱང་ཆ་ལྡན་པ་ཞིག་ཡིན། མོས་ལོ་ན་གཅིག་ལྷག་ལས་འགོར་མེད་པའི་རང་གི་བུ་ཆུང་སྙིང་རྗེ་བོ་དེ་བསྐྱུར་ནས། ཕ་ཨ་ཁུའི་བཀའ་ཟློག་མ་ཐུབ་པར་གསེར་ཏོག་སྡེ་བར་བག་མར་ཡོང་བ་རེད། མཚམས་མཚམས་སུ། མོ་དར་ལྕོག་སྒང་ལ་བུད་ནས་རང་གི་ཕ་ཡུལ་རིན་སྤུངས་ཕྱོགས་སུ་བལྟ། ཕ་ཡུལ་ཕྱོགས་སུ་ནམ་རྒྱུན་སྤྲིན་དཀར་ཕུང་བོ་ཡུག་གཅིག་ལྡིང་གིན་པ་མཐོང་། བལྟས་ཀྱིན་བལྟན་ཀྱིན་དུ། མོའི་མིག་མཐའ་བརླན་གཤེར་གང་ཞིག་གིས་བཟུང་བ་ཐེངས་གཅིག་མིན། བུ་དྲན་ཡུལ་དྲན་གྱི་གདུང་བ་འདི་སུ་ལ་བཤད་ཨང་། དབང་རྒྱལ་དང་ཁོ་གཉིས་གཉེན་བསྒྲིགས་ནས་ལོ་གཅིག་འདས་ལ་ཉེ། ཡིན་ནའང་། ཕན་ཚུན་གྱི་སེམས་ནང་དུ་ཆ་མེད་རྒྱུས་མེད་ཀྱི་མི་གཉིས་དང་འདྲ།
ལོ་གཅིག་འགོར་སོང་། གཡུ་མཚོ་ལ་ད་དུང་མངལ་སྦྲུམ་མ་བྱུང་། དྲང་མོར་བཤད་ན་མངལ་སྦྲུམ་ཡང་མི་སྲིད་དེ། གཉེན་སྒྲིག་བྱས་པ་ནས་བཟུང་། དབང་རྒྱལ་གྱིས་ཆུང་མ་གཡུ་མཚོ་ལ་ལག་ཐོས་རེག་མྱོང་མེད། མཚན་མོ་མང་ཆེ་བར་ཕྱི་ལ་བུད་འགྲོ། དེ་ལྟར་ལོ་གཅིག་འདས་པའི་དཔྱིད་ཀ་དེར། གཡུ་མཚོ་ཕ་ཡུལ་རིན་སྤུངས་སྡེ་བར་སོང་ནས་གཏན་དུ་ཕྱིར་ལོག་མ་བྱུང་། དེ་བས། དབང་རྒྱལ་གཉེན་འཐོར་གཉིས་པ་དེ་བྱེད་དགོས་སོང་། སྡེ་ཕྱི་ནང་གི་མི་ཁ་བཙན་པོ་རླུང་དམར་བཞིན་འུར་འུར་ལྡང་འོང་། ཐེངས་འདིའི་མི་ཁ་ལ་རིགས་གཉིས་སུ་བགར་ཆོག རིགས་དང་པོ་ནི་གཡུ་མཚོ་ལ་མངལ་སྦྲུམ་རྒྱུ་མེད་ཅེས་པའི་སྐད་ཆ་ཞིག་རེད། སྐད་ཆ་དེ་ནི་བར་སྣང་ལ་ཕུ་བཏབ་པ་ལྟ་བུ་ཞིག་ལས་རྐང་ཚུགས་ཐུབ་པའི་མི་ཁ་ཞིག་མ་རེད། རིགས་གཉིས་པ་ནི་དབང་རྒྱལ་ནི་བུ་རྒྱུད་མེད་པའི“ཀུ་ཤུ”ཞིག་རེད་ཅེས་པ་དེ་རེད། སྐད་ཆ་དེས་དབང་རྒྱལ་གྱི་སྙིང་ལ་བུ་ག་བརྟོལ་བར་བྱེད་ཅིང་། ཤ་རུས་ཀྱི་གཏིང་རིམ་གང་ཞིག་ནས་ཚ་བཞིན་ངར་བཞིན་ཡོང་གིན་པའི་ཚོར་བ་ཞིག་སྐྱེས་འོངས་པའི་སྣང་བ་བར་མེད་སྟེར། སྐད་ཆ་དེ་སྡེ་བའི་ནང་ཁྱབ་པ་ནས་བཟུང་། ཁོ་སྡེ་མི་སུ་ལ་འཕྲད་ཀྱང་འཛུར་ནས་འགྲོ།
ཐ་ན། སྟེགས་གྲུག་རྩེད་རོགས་དང་ཁ་ཡ་ན་ཟླ་ཚོས་ཀྱང་སྔོན་ཆད་ལྟར“དབང་རྒྱལ”ཞེས་མི་འབོད་པར། དབང་རྒྱལ་ཞེས་པའི་མིང་གི་རྗེས་ལ་ཀུ་ཤུ་ཞེས་པའི་ཁ་པར་གྱི་མིང་གི་ཐ་སྙད་དེ་བསྣན་ནས“དབང་རྒྱལ་ཀུ་ཤུ”ཞེས་འབོད། དབང་རྒྱལ་ལ་མཚོན་ན་འདི་ནི་ཧ་ཅང་དང་ལེན་མི་ཐུབ་པའི་མིང་ཞིག་ཡིན་པར་མ་ཟད། རྩ་བ་ནས་ཐོས་འདོད་མེད་པ་ཞིག་ཀྱང་རེད། ཁོས་སྐད་ཆ་དེ་ཐོས་མ་ཐག་གློ་བུར་དུ་འཕྲུལ་རྟ་ཞོན་ནས་ལམ་ལ་ཆས་སོང་། དམིགས་ཡུལ་དང་ཁ་ཕྱོགས་མེད་པར་ལམ་ལ་ཆས་སོང་། ནུབ་ཁའི་མཚམས་སྤྲིན་དམར་པོ་རིམ་གྱིས་མུན་པས་འཛིན་ལ་ཉེ་བའི་ས་སྲོད་དེར། ཁོ་མཐའ་མེད་པའི་འབའ་ཡུལ་རྩྭ་ཐང་ཆེན་པོ་དེ་ཕྱེད་གཉིས་སུ་བགོས་པའི་གཞུང་ལམ་དེར་ཞུགས་སོང་། ཁོའི་མདུན་ལྗོངས་ཀྱི་ལམ་སྣེ་རྒྱང་རིང་ལ་འཐེན་ཡོད་ཅིང་། ཁོས་རྗེས་སུ་སྐྱུར་གྱིན་པའི་ལམ་སྣེ་རི་ཚོགས་ཀྱི་ཕང་བ་རུ་ཟུག་འདུག སོག་འདབས་སུ་ཤད་པའི་སྐྲ་ལོ་རིང་བོ་རླུང་གིས་བར་སྣང་དུ་སྐྱོད་ཀྱིན་དུ། གཞོག་གཉིས་ཀྱི་རི་ར་བ་ཁང་ཁྱིམ་དག་སྐད་ཅིག་དེ་ཉིད་ལ་རྗེས་སུ་སྐྱུར་གྱིན་པའི་འཕྲུལ་རྟའི་མེ་ལོང་གཉིས་ལས། ཁོའི་སྨིན་མ་སྟུག་པོའི་འོག་གི་མིག་ཟུང་དེ་གཉིས་ཀྱིས་རྒྱང་རིང་ལ་གཟིགས་པ་མཐོང་ལ། མེ་རྡུལ་བར་མེད་དུ་འཐོར་བཞིན་པའི་སོ་བར་གྱི་དུ་བ་རྐང་ཐུར་གཅིག་པོ་དེ། འབྱིན་རྔུབ་འགའ་ཡང་བྱེད་ལོངས་མ་བྱིན་པར་རླུང་གིས་སྦར་ཟིན་པའང་མཐོང་ཡོང་། མུན་པས་ས་གཞི་ཡོངས་སུ་ཁྱུར་མིད་བཏང་སོང་། བར་སྣང་ལ་བལྟས་ཚེ། སྐར་མ་རེ་འགའ་འོད་ལམ་ལམ་གྲང་འདར་རྒྱག་པ་དང་མཚུངས་ལ། བར་སྣང་ནས་ས་གཞིར་བལྟས་ཚེ། དབང་རྒྱལ་གྱི་འཕྲུལ་རྟའི་གློག་འོད་དེ་ཁོ་ན། སྐར་མདའ་ཞིག་ལྟར་ལྷོ་ནས་བྱང་ལ་དལ་མོར་རྒྱུ་བ་དང་ཀུན་ནས་མཚུངས།
ཉིན་ཞིག་གི་ཕྱི་དྲོར། ཁོ་དགོན་པའི་སྐོར་ལམ་དུ་འགྲོ་དུས། བྱིས་པ་འགས་ཐག་མི་རིང་བའི་ས་ནས “ཀུ་ཤུ”ཞེས་སྐད་བརྒྱབ་པ་ན། ཁོས་དེ་མུར་ཕ་ཝང་གིས་དྲིལ་བུའི་སྒྲ་ཐོས་པ་བཞིན་ཕྱོགས་དེར་བལྟས། བྱིས་པ་དེ་དག་ཐག་མི་རིང་བའི་གྱང་སྣེ་ཞིག་ནས་རྡུལ་འཚུབ་བེར་བྲོས་པ་མཐོང་། ཁོ་མྱུར་དུ་སྲང་ལམ་ཆུང་ཆུང་ཞིག་དེ་ནས་ཕར་སྣེར་བུད་པ་ན། བྱིས་པ་དེ་ཚོ་དང་གདོང་ཐུག་བརྒྱབ་སོང་། ཁོས་བྱིས་པ་གསུམ་ཡོད་པའི་སྔ་བ་དེ་བཟུང་སྟེ། “ད་སོ་མར་ཁྱེད་ཚོས་སུ་ཞིག་འབོད་ཀྱིན་ཡོད་དམ། ཨ་་་། ”ཁོས་བྱིས་པ་དེ་ཚོར་རྫིག་རྫིག་བྱས།
“མ་བཤད། མ་བཤད། མ་བཤད”བྱིས་པ་དེ་ཚོས་གཅིག་འཕྲོར་གཅིག་མཐུད་ནས་ལན་བཏབ།
“ཀུ་་་་་། ཅི་ཞིག་བཤད་དམ”དབང་རྒྱལ་གྱིས་བཤད།
“ཨིམ་་་་་། ཀུ་ཤུ། ཕུ་བོ་འབྲུག་རྩེས་ཀུ་ཤུ་ནི་ཁ་པར་ཞིག་གི་མིང་ཡིན་མོད། ཁྱེད་ཀྱིས་ཀུ་ཤུ་ཁ་པར་བཟུང་ཡོད་པས། ཁྱེད་ཀྱི་མིང་ལའང་ཀུ་ཤུ་ཞེས་བོས་ཆོག་ཟེར”དབང་རྒྱལ་གྱི་ལག་ནང་གི་བྱིས་པ་དེས་བཤད།
དབང་རྒྱལ་གྱིས་བྱིས་པ་དེར་འགྲམ་ལྕག་ཅིག་གཞུས་ཤིང་། “ད་ནས་བཟུང་དེ་འདྲ་ཞིག་ཤོད་དང་། ངས་ཁྱོད་ཚོའི་ལྕེ་འབལ་ངེས་ཡིན”ཞེས་བཤད་རྗེས་གློད་སོང་། བྱིས་པ་དེ་ཚོ་ཤར་རྒྱག་གིས་རང་ཁྱིམ་དུ་བརྒྱུགས་སོང་།
དེའི་རྗེས་སུ། བྱིས་པ་ཚོས་ཁོའི་མིང་ལ་ཀུ་ཤུ་མི་ཟེར་ལ། ལྷག་པར་དུ་དབང་རྒྱལ་ཞེས་ཀྱང་མི་འབོད་པར་ཐད་ཀར“བུམ་པ”ཞེས་འབོད། “བུམ་པ”ནི་སྒྲ་དོན་ཉིས་བརྩེགས་ཅན་གྱི་མིང་ཞིག་ཡིན་ནའང་། དབང་རྒྱལ་གྱི་སེམས་སུ“བུམ་པ”ཞེས་པའི་མིང་དེ“ཀུ་ཤུ”ཞེས་པའི་ཐ་སྙད་ལས་ཅུང་ཡང་བའི་སྣང་བ་ཞིག་འགོག་མེད་དུ་སྟེར་བཞིན་ཡོད།
དེའི་རྗེས་ཀྱི་ཉིན་ཞིག་ལ། དབང་རྒྱལ་གྱིས་གློ་རྡེག་ཏུ་ཡང་བསྐྱར་ཆུང་མ་ཞིག་བླངས་སོང་། ཆུང་མ་དེ་ནི་ཁོ་རང་ཉིད་ཀྱིས་དྲ་ལམ་ནས་ངོ་ཤེས་པའི་བུད་མེད་ཅིག་རེད། མིང་ལ་རྟ་མགྲིན་འཚོ་ཟེར། རྟ་མགྲིན་འཚོ་ནི་རྫོང་ཁག་གཞན་ཞིག་གི་བུད་མེད་ཅིག་རེེད། གཞི་བདག་དང་སྲུང་མའང་མི་གཅིག་པའི་བུད་མེད་ཅིག་རེད། ཁོ་མོ་ཐེངས་གསུམ་ལ་གཉེན་འཐོར་བྱས་ཟིན་ལ། དབང་རྒྱལ་ལས་ལོ་ལྔ་དྲུག་ལས་ཆེ་ནའང་། དབང་རྒྱལ་ཁོ་མོར་སྙིང་ནས་དགའ། དབང་རྒྱལ་གྱིས་རྟ་མགྲིན་འཚོ་ཆུང་མར་ལེན་དུས་སྔོན་མ་ནང་བཞིན་རྒྱ་ཆེ་བའི་གཉེན་སྟོན་ཅི་ཡང་བཤམས་མ་སོང་། དེ་ལྟར། ལོ་ཟླ་མང་པོ་ཞིག་བཞུད་སོང་། ཁོ་གཉིས་སྔར་བཞིན་ཕན་ཚུན་ལ་དགའ་ཞིང་གཅེས་པར་བྱེད། ཡིན་ནའང་། ཁོའི་ཆུང་མ་རྟ་མགྲིན་འཚོའང་ད་ལྟ་ད་དུང་ཡང་མངལ་སྦྲུམ་མ་བྱུང་།
༢༠༢༣ལོའི་ཟླ༥ཚེས་༡༣ཉིན་ཟི་ལིང་དུ།
རྩོམ་འདི༢༠༢༣ལོའི«རྫོང་རུ»ལོ་དེབ་ཏུ་བཀོད།