དེ་ཡང་གངས་ལྗོངས་སྨྲ་བའི་དབང་ཕྱུག་ཅེས་མཚན་གྱིས་རྣམ་པར་བརྗིད་པའི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ནི། བོད་ཡུལ་མདོ་ཁམས་ཏྲེ་ཧོར་ཡུལ་བྲག་འགོ་རྫོང་གི་ཆར་གཏོགས་དགོན་འབྲི་མ་ཞེས་པའི་འབྲོག་ཁུལ་དུ།
རབ་བྱུང་༡༦པའི་དགེ་བྱེད་ཆུ་སྟག་སྟེ་སྤྱི་ལོ་༼༡༩༦༢༽ལོར་ཡབ་པད་ཚེ་དང་། ཡུམ་ཨ་ཉོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དེ་ནས་ཅུང་ཟད་ནར་སོན་རྗེས་སུ་ཡུལ་འདིའི་འབྲོག་ཁུལ་གྱི་སློབ་ཆུང་ཞིག་ཏུ་ཞུགས་པ་མ་ཟད། དགེ་རྒན་ལ་གུས་བཀུར་དང་སློབ་ཕྲུག་རྣམས་ལ་མཐུན་ལམ་དུས་རྟག་ཏུ་གནང་བ་དང་། བོད་གངས་ཅན་པའི་མེས་ཡ་རབས་ཀྱི་གཤིས་ཀ་སོགས་ལྷན་སྐྱེས་སུ་མངའ་བས་དགེ་རྒན་གྱི་རྒྱུན་དུ་བསྟོད་བསྔགས་གནང་ཞིང་། སློབ་ཕྲུག་སོགས་ཀྱིས་ཀྱང་མིག་དཔེ་བྱེད་ཡུལ་ལྟ་བུར་གྱུར་། དགེ་རྒན་དང་། སློབ་གྲོགས། ཡུལ་མི་ཁྱིམ་མཚེས་ཀུན་གྱིས་ཁོང་ལ་ཡ་མཚན་དུ་འཛིན་པ་དང་། ཆུང་དུས་ནས་བྱམས་སྙིང་རྗེ་ཀུན་སྤྱོད་བཟང་པོ་ལྡན་ཞིང་སྲོག་ཆགས་འབུ་ཕྲན་ཚུན་ཆད་ལ་བྱམས་བརྩེས་སྐྱོང་བར་མཛད་པའི་ཀུན་གྱིས་བཀུར།
དགུང་ལོ་༩ལ་སོན་སྐབས་ཁོང་གིས་རིག་པའི་རྩལ་བཏོན་དེ་སྐྱེལ་འདྲེན་འཕྲུལ་ཆས་ཆུང་ཆུང་ཞིག་གསར་གཏོད་མཛད་པས་ཡུལ་མི་ཐམས་ཅད་ཧང་སངས་ཤིང་། ཁོང་ནི་མཐོ་སྒང་གི་འབྲོག་ཁྱིམ་དཀྱིས་མ་ཞིག་ནས་འཚར་བའི་བྱིས་པ་ཆུང་ངུ་ཞིག་ཡིན་པ་དང་། དེས་བློ་གྲོས་ལ་ཧང་སངས་དགོས་པར་གྱུར་ལ་སྐབས་དེ་ནས་ཁོང་གི་མཚན་ལ་༼གུས་པོ་༽ཞེས་མཚན་ཐོག་ཚུལ་ལོ་རྒྱུས་མང་པོ་སྣང་ངོ་།།
དེ་ནས་རིམ་གྱིས་རིག་གནས་ཆེ་ཆུང་ཀུན་ལ་ཐུགས་གཉེར་ལྷོད་མེད་མཛད་དེ་ཡུལ་འདིས་སློབ་མ་རྩེ་སོན་པའི་མཚན་སྙན་ཐོབ་པ་དང་། ཁོང་གི་གཞན་ལ་འཚེ་བ་མེད་པའི་ཀུན་སློང་གཙུག་ཏུ་བཀུར་བ་མ་ཟད། སེམས་ཅན་དུད་འགྲོ་སོགས་སྲོག་ཆགས་ཉམ་ཆུང་རིགས་ལ་ལྷག་པར་བརྩེ་ཞིང་། ཡུལ་འདིར་འབྲོག་ཁུལ་ཧ་ཅང་མང་ཡང་། ཁོང་དང་ཁ་ཐག་ཉེ་ཤོས་ནི་ང་ཚོའི་འབྲོག་སྡེ་གཉིས་པ་ཧོར་དགུ་མདའ་འབྲོག་པ་དང་ཧོར་འབྲོག་ཟེར་བ་བཅས་ཡིན། གུས་པོ་མཆོག་གི་རང་གི་དགོན་འབྲི་མ་དང་ལྷན་དུ་འབྲོག་ཁུལ་འདི་ཚོས་ནང་སྒོ་ཟོག་རིགས་ལ་སྨན་པ་མཛད་དེ་ཡུན་རིང་ཕྱག་ལས་གནང་ཞིང་གཞན་ཕན་གྱི་བྱ་བ་རླབས་ཆེན་མཛད་དོ།།
དེ་ནས་དགུང་ལོ་༢༠ལ་སོན་སྐབས། སྤྱི་ལོ་༼༡༩༨༢༽མདོ་ཁམས་གསེར་མོ་ལྗོངས་སུ། གསང་ཆེན་དབེན་པའི་རི་ཁྲོད་དུ་མཁན་ཆེན་དམ་པ་༧ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་དྲུང་དུ་ཕེབས་ཁོང་ཞབས་པད་སྤྱི་བོར་བླངས་ཤིང་། ༧ཆོས་རྗེ་མཆོག་གི་རྗེས་སུ་བཟུང་བར་མཛད་པ་དང་། མཁན་ཆེན་དགེགས་པའི་རྡོ་རྗེ་ལས་རབ་བྱུང་གི་སྡོམ་པ་ཞུས་སོ།།
དེར་༧ཆོས་རྗེ་མཆོག་དང་བསམ་གྱིས་མི་ཁྱབ་པའི་སྐྱེས་ཆེན་དམ་པ་དུ་མའི་དྲུང་ནས་གཞུང་པོད་བཀའ་ཆེན་ལྔ་གཙོ་བོར་གྱུར་པའི་མདོ་སྔགས་རིགས་པའི་གཞུང་ལུགས་ཀུན་ལ་གསན་བསམ་མཐར་ཕྱིན་པར་མཛད་པ་དང་། གཞན་ཡང་མདོ་མང་མཁན་པོ་ཏེ་པ་དང་། གནུབ་ཟུར་མཁན་པོ་འཇིགས་མེད་དབང་པོ་སོགས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཅུ་ཕྲག་རིགས་པའི་གནས་ཀུན་དང་། ཁྱད་པར་གཞུང་ཆེན་ལྔས་སྐོར་གྱི་དཀའ་བའི་གནད་རྣམས་ལ་དོགས་གཅོད་གནང་མཁན་ཡང་ཡང་ཕེབས་ཤིང་། མཁན་ཆེན་རྣམས་གཉིས་ནས་ཁོང་ནི་གཞུང་ཆེན་བཀའ་པོད་ལྔ་སོགས་བོད་བརྒྱུད་ནང་བསྟན་རིགས་པའི་ཕུལ་བྱུང་གི་རྩེ་སོན་པ་ཡིན་ཞེས་སློབ་ཚོགས་མང་པོའི་གྲལ་ནས་བསྟོད་བསྔགས་ལན་གྲངས་མང་པོར་གནང་མྱོང་ངོ་།།
སྤྱི་ལོ་༼༡༩༨༧༽མཁན་ཆེན་དམ་པ་༧འཇིགས་མེད་ཕུན་ཚོགས་མཆོག་གིས་གསང་ཆེན་དབེན་པའི་རི་ཁྲོད་དུ། ཀུན་གཟིགས་༧པཎ་ཆེན་༡༠མཆོག་སོགས་དམ་པའི་སྐྱེས་ཆེན་དུ་མ་གདན་དྲངས་པ་དང་།
༧པཎ་ཆེན་ཐམས་ཅད་མཁྱེན་ཅིང་གཟིགས་པ་མཆོག་གི་༼གསེར་རྟ་བླ་རུང་སྔ་རིགས་ནང་བསྟན་སློབ་གླིང་༽ཞེས་མཚན་གསོལ་ཞིང་། བོད་བརྒྱུད་མཐོ་རིམ་གཙུག་ལག་སློབ་གྲྭའི་མཚན་གྱིས་ཅོད་པན་གསོལ།
སྐབས་དེར་མཁན་ཆེན་དམ་པ་༧ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་མཆོག་གི་གུས་པོ་མཁན་པོའི་ཁྲི་འདོན་མཛད་པ་དང་མཚན་ལ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཞེས་གསོལ་ཞིང་ཐུགས་དགྱེས་བརྩེ་བ་ཚད་མེད་གནང་། དེ་ནས་ལོ་རབས་དུ་མའི་རིང་རང་གི་རྩ་བའི་བླ་མའི་བཀའ་གསུངས་དང་བླང་གིས་གསེར་རྟ་བླ་རུང་སྔ་རིགས་ནང་བསྟན་སློབ་གླིང་དུ་མཁན་པོ་གཙོ་འཛིན་ལོ་དུ་མའི་རིང་མཛད་ནས་བཞུགས། ད་ལྟ་ཁོང་གི་རྗེས་འབྲང་དང་བཅས་པའི་བོད་ནང་དུ་དགོན་སྡེ་ཁག་གི་ནང་བཤད་གྲྭ་འཛུགས་རྒྱུ་སོགས་སློབ་སྦྱོང་སྐོར་གཙོ་བོ་ཐུགས་ཁུར་བཞེས་ནས། སློབ་གྲྭ་མང་པོ་གསར་འཛུགས། དྭ་ཕྲུག་སོགས་རྒྱབ་མེད་ཀྱི་བུ་ཕྲུག་མང་པོ་སློབ་གྲྭར་གཏོང་བའི་རོགས་རམ་མཐུན་རྐྱེན་སྦྱར་བ་སོགས་དང་། བོད་ནང་དུ་རྟ་ཟོག་ར་ལུག་སོགས་སེམས་ཅན་ཉམས་ཆུང་དུད་འགྲོ་ཚེ་ཐར་གཏོང་བ། རྒྱ་ནག་ཡུལ་གྲུ་དུ་མར་ཕེབས་ནས་སེམས་ཅན་གསོད་མ་རག་པ་རྣམས་སྲོག་བསླུ་དང་ཉ་སྲིན་རིགས་སྲོག་བླུ་བྱེད་སའི་མཚོ་དང་སེམས་ཅན་ཉར་སའི་ས་ཆ་ཉོ་བ་སོགས་འཚེ་མེད་བྱམས་བརྩེ་ཁོ་ནའི་དུས་འདའ་བའི་བྱམས་སེམས་ཚད་མེད་ཅིག་ཀྱང་ཡིན་ལ། རྒྱ་ནག་པ་རྣམས་ཀྱིས་ཁོང་ལ་༼ཕྷུང་ཧྲེན་ཏྭ་ཧྲི༽ཞེས་འབོད་ཅིང་། དེའི་དོན་ནི་སྲོག་བླུའི་སློབ་དཔོན་ཟེར་བ་ཡིན་ཞིང་། ཁོང་གི་སྔར་ཞུགས་ཀུན་ཏུ་སེམས་ཅན་སྲོག་བླུ་དགོས་པའི་དགོས་འདུན་རབས་དང་རིམས་པ་བཏོན་ཞིང་། བརྙན་འཁོར་བརྒྱ་ཕྲག་ལྷག་དང་། དེས་སྐོར་ལྗགས་རྩོམ་དུ་མ་བསྩལ་གནང་ཡོད་ལ། འཇིག་རྟེན་འདིར་དུས་རབས་གསར་བའི་དུད་འགྲོ་སྲོག་བླུ་མགོ་ཐོག་མ་འཛུགས་མཁན་གྱི་སྲོལ་འབྱེད་པ་ཡིན་ཞེས་བརྗོད་ཀྱང་མི་ཆོག་པ་མེད་དོ།།
ལྷག་པར་དུ་ཁོང་གི་ཕྱོགས་སོ་སོས་བོད་བརྒྱུད་ནང་བསྟན་སློབ་གཉེར་བ་རྣམས་ལ་དམིགས་ནས་དེ་དག་གི་ཆེད་དུ། གསུངས་རྩོམ་བདག་གིས་མཐོང་ཐོས་སུ་གྱུར་བ་འགའ་ཤས་འདིར་དཔེར་མཚོན་ཙམ་བཀོད་འདོད་བྱུང་།
དཔེར་ན།
སྙིང་ཐིག་གི་འགྲེལ་བ་ཟླ་ཚེས་གསལ་བའི་འཛིམ་ཟེར་དང་།
རིས་མེད་གྲུབ་མཐའི་རྣམ་བཞག་ལུང་གི་ནོར་བུའི་གཏེར་མཛོད།
རང་སྟོང་དང་གཞན་སྟོང་གི་རྣམ་བཞག་ལུང་རིགས་སྤྲིན་དཀར་གླལ་བའི་སྒྲ་དབྱིངས།
ཧ་ཤང་གི་ལྟ་བའི་དཔྱད་པ་བྲང་སྲོང་རྒན་པོའི་མཆོད་སྤྲིན།
དབུ་ཕར་གྱི་དཀའ་བའི་གནད་ཀྱི་དྲི་ལན།
དབུ་མའི་སྤྱི་དོན།
བརྒལ་ལན་དང་རྩོད་ལན་གྱི་སྐོར།
ལོག་ལྟ་ཚར་གཅོད་རིགས་ལམ་སེང་གེའི་ང་རོ།
ཆོས་རྗེ་དམ་པ་༧འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་མཛད་རྣམ་དད་པའི་གསོ་སྨན་དང་། གཞན་ཡང་སྐྱེ་བ་སྔ་ཕྱི་བསྒྲུབ་བྱེད་སྐོར་དང་།
དྲི་མེད་ལུང་རིགས་ཀྱི་རྒྱན་པ་ལྟ་གྲུབ་ཀྱི་སྐོར་དང་།
ཕུལ་བྱུང་སྙན་ངག་གི་སྐོར་སོགས། བོད་ཀྱི་མང་མཛོད་ཆེན་མོ་གསར་བ། ལུགས་གཉིས་གསར་བའི་མེ་ལོང་བཅས་མདོར་ན་ཁོང་གིས་གངས་ཅན་དགྱེས་པའི་མཆོད་སྤྲུན་དུ་ལྗག་རྩོམ་གྲངས་བརྒྱ་ཕྲག་དུ་མ་སྣང་བའི་ཁ་བའི་ལྗོངས་སུ་གངས་ལྗོངས་སྨྲ་བའི་དབང་ཕྱུག་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཞེས་སྙན་བའི་བ་དན་ཕྱོགས་བཅུར་ཁྱབས་པར་གདའ་འོ།།
འདི་དག་སྤྱི་ལོ་༼༢༠༠༢༽ལོ་ཕན་ཆད་ཙམ་ལ་བདག་གི་གོ་ཚོད་ཙམ་བྲིས་པ་ལས་ད་དུང་བདག་གི་མ་མཐོང་བ་མང་ལ། མ་ཐོས་པ་དེ་བས་མང་། དེ་ལས་འདིར་ཡིག་ནོར་དང་བརྗོད་བསྒྲོས་མ་བདེ་བ་རྣམས་ལ་སྙིང་ནས་བཟོད་གསོལ་ཞུ།
ཨེ་མ་ཧོའི་དྲྭ་བ་ལས། ཤར་མི་ཉག་པ། འཇམ་དཔལ་བསྟན་འཛིན་ནས་བཏུས།
འདི་ཉིད་ཀྱིས་ཁོང་གི་ལོ་རྒྱུས་མཚོན་མི་ནུས་མོད་ས་བོན་ཙམ་དུ་སྤེལ།