༡ གང་འདྲ་ཞིག་ལ་བོད་ཡིག་ཟེར།
ལན། བོད་ཡིག་ནི་དབྱངས་གསལ་གཉིས་རྩ་བར་བྱས་ནས་སྔོན་འཇུག་དང་རྗེས་འཇུག ཡང་འཇུག མགོ་ཅན། འདོགས་ཅན་སོགས་གང་ལ་གང་ཐོབ་ཀྱིས་སྦྱར་ནས་སྒྲ་སྦྱོར་བྱེད་པའི་ཡིག་རིགས་ཤིག་ཡིན།
༢ གང་འདྲ་ཞིག་ལ་བོད་སྐད་ཟེར།
ལན། བོད་སྐད་ནི་བོད་མི་རྣམས་ཀྱིས་བཀོལ་སྤྱོད་བྱེད་པའི་སྐད་ཅིག་ཡིན་ལ། མིའི་བསམ་བློའི་འགྱུར་བ་མཚོན་བྱེད་ཀྱི་རིག་འཕྲུལ་ཁྱད་དུ་འཕགས་པ་ཞིག་ཡིན།
༣ བོད་ཡིག་དབྱངས་དང་གསལ་བྱེད་གཉིས་མ་བསླབས་གོང༼ སླའོ༽ཞེས་བྲིས་པའི་རྒྱུ་མཚན་ཅི།
ལན། དེ་ནི་བོད་ཡིག་ཐོག་མར་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་རྣམས་ལ་བོད་ཡིག་སློབ་པ་ནི་ལས་སླ་པོ་རེད་ཅེས་སྐུལ་མ་དང་སྤྲོ་སྣང་འཕེལ་བའི་ཆེད་དུ་བྲིས་པ་ཡིན་ནོ།
༤ མིང་ཚིག་བརྗོད་པ་གསུམ་གྱི་གོ་དོན་གང་ཡིན་ནམ།
ལན། ༼༡༽མིང་ནི་དོན་གྱི་ངོ་བོ་ཙམ་སྟོན་པ། བུམ་པ་ལྟ་བུ། ༼༢༽ཚིག་ནི་དོན་གྱི་ཁྱད་པར་སྟོན་པ། བུམ་པ་ཆེན་པོ་ལྟ་བུ། ༼༣༽བརྗོད་པ་ནི་ངག་ལ་གོ་དགོས་སྟེ། བུམ་པའི་ནང་གི་ཆུ་དེ་གཙང་མ་ཡིན་ལྟ་བུ།
༥ གང་འདྲ་ཞིག་ལ་ཡི་གེ་ཟེར།
ལན། མིང་ཚིག་གཉིས་ཀྱི་རྩོམ་གཞིར་གྱུར་པའི་སྐད་ཀྱི་གདངས་དེ་ལ་ཡི་གེ་ཟེར།༼མིང་ཚིག་སོགས་ཀྱི་རྩོམ་གཞིར་གྱུར་བའི་བརྡ་རྟགས་ཤིག་ལ་བརྗོད་དོ།།༽
༦ ཡི་གེ་རྒྱུ་གང་ལས་བྱུང་བ་ཡིན།
ལན། གནས་དང་བྱེད་པ་དང་རླུང་དང་རྣམ་པར་རྟོག་པའམ་རྣམ་པར་ཤེས་པ་བཞི་ལས་བྱུང་།
༼༡༽གནས་ནི་ཡི་གེ་སོ་སོའི་ང་རོ་འབྱུང་སའི་གནས་སོ་སོ་སྟེ། དྲིལ་བུའི་ཁོག་པ་ལྟ་བུ། གནས་བརྒྱད་དེ། ཁོག་པ་དང་མགྲིན་པ། རྐན། ལྕེ། སྣ། སྤྱི་བོ། སོ། མཆུ་བཅས་སོ།
༼༢༽བྱེད་པ་ནི་ང་རོ་སྐྱེ་བར་བྱེད་པའི་རྩ་བའི་འགུལ་ཤུགས་ཏེ། དྲིལ་བུའི་ལྕེ་ལྟ་བུ། བྱེད་པ་དྲུག་སྟེ། ཕྲད་པ་དང་ཅུང་ཟད་ཕྲད་པ། བཙུམ་པ། ཕྱེ་བ། དོག་པ། ཡངས་པ་བཅས་སོ།
༼༣༽རླུང་ནི་སྐྱོད་པར་བྱེད་པའི་རྒྱུ་སྟེ། དྲིལ་བུ་སྐྱོད་པའི་ལག་པ་ལྟ་བུ།
༼༤༽རྣམ་རྟོག་ནི་སྐུལ་བར་བྱེད་པའི་རྩ་བའི་རྒྱུའམ་བརྗོད་འདོད་ཀྱི་བློ་སྟེ། དྲིལ་བུ་འཁྲོལ་བར་བྱེད་པའི་སྐྱེས་བུ་ལྟ་བུ།
༧ ཡི་གེ་དང་ཡིག་གཟུགས་གཉིས་ལ་ཁྱད་པར་གང་ཡོད་དམ།
ལན། ཡི་གེ་ནི་སྐད་ཀྱི་གདངས་སུ་འགྲོ་བ་དང་། ཡིག་གཟུགས་ནི་སྐད་ཀྱི་གཟུགས་སུ་འགྲོ་བའི་ཁྱད་པར་ཡོད།
༨ ཡི་གེ་མི་འདྲ་བ་བྱུང་བ་དག་བསྡུ་ན་གང་གཉིས་ཡིན།
ལན། འདྲ་གཟུགས་ཀྱི་ཡི་གེ་དང་སྒྲ་སྦྱོར་གྱི་ཡི་གེ་གཉིས་ཡིན་ལ། བོད་ཡིག་ནི་སྒྲ་སྦྱོར་གྱི་ཡི་གེའི་ཁོངས་སུ་རྟོགས།
༩ བོད་ཡིག་ཏུ་སྲོག་གི་ཡི་གེ་ཞེས་པ་གང་ལ་ཟེར་བ་ཡིན།
ལན། སྲོག་གི་ཡི་གེ་ནི་དབྱངས་བཞི་དང་ཚེག་ལ་ཟེར་བ་ཡིན་ཏེ། བོད་ཡིག་ཚེག་གིས་མ་བཅད་ན་ཚེག་ཁྱིམ་མི་འགྲུབ་ཅིང་། ཚེག་ཁྱིམ་མེད་ན་སྔོན་རྗེས་རྣམས་འདྲེས་པར་འགྱུར་བས་བརྗོད་བྱ་སྟོན་པའི་བྱ་བ་བྱེད་མི་ནུས་སོ།། དཔེར་ན། སྲོག་དང་ལྡན་ན་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་ལ་མེད་ན་མི་ནུས་པ་བཞིན་ནོ།
༡༠ བོད་ཡིག་ཏུ་རྐྱེན་གྱི་ཡི་གེ་ཞེས་པ་གང་ལ་ཟེར་བ་ཡིན།
ལན། རྐྱེན་གྱི་ཡི་གེ་ཞེས་པ་ནི་དབུ་དང་ཤད་གཉིས་ཡིན་ཏེ། ༼༡༽ ༼ ༄༅།། ༽འདི་ལ་དང་ཀྱོག་གམ་དབུ་འམ་བེ་རྒ་དང་དབུ་ཁྱུད་ཀྱང་ཟེར་བ་དང་། གཞུང་ཡིག་གང་དེ་དབུ་ཡིག་གིས་རྐྱེན་བྱས་ཏེ་འདྲེན་པར་བྱེད་པའི་ནུས་པ་ལྡན་ཡོད། ༼༢༽༼ ། ༽འདི་ལ་ཕུར་ཤད་དང་ཕུར་ཤད་ནི་ཚིག་མཚམས་གཅོད་པའི་རྟགས་མངོན་གསལ་ཞིག་ཡིན། ད་དུང་སྦྲུལ་ཤད་དང་རིན་ཆེན་སྤུངས་ཤད་སོགས་ཡོད་ཀྱང་འདིར་རྒྱས་པར་མ་གླེང་། གོང་དུ་ནི་དབུ་ཅན་གྱི་འབྲི་ཚུལ་ལས་བཤད་པ་ཡིན་ཞིང་དབུ་མད་དུའང་འབྲི་སྟངས་མི་གཅིག་པ་ལས་སྦྱོར་ཚུལ་གཅིག་པ་ཡིན་ནོ།།
༡༡ བོད་ཡིག་ཏུ་ཕ་མ་བུ་ཚའི་ཡི་གེ་ཞེས་པ་གང་ལ་ཟེར་བ་ཡིན།
ལན། གསལ་བྱེད་སུམ་ཅུ་ལས་ཨ་ནི་མ་ཡི་ཡི་གེ་ཡིན་པ་དང་། ཕ་ཡིག་ནི་ཨ་བོར་བའི་གསལ་བྱེད་ལྷག་མ་ཉེར་དགུ་པོ་ལ་ཟེར། བུ་ཡིག་ནི་སྟེང་ན་ཞྭ་ལྟར་མཛེས་པའི་གི་གུ འགྲེང་པོ། ན་རོ་གསུམ་དང་། འོག་ན་གདན་ལྟར་མཛེས་པའི་ཞབས་ཀྱུ། ཡ་བཏགས། ར་བཏགས་བཅས་གསུམ་སྟེ་དྲུག་པོ་རྣམས་ལ་ཟེར།
༡༢ བོད་ཡིག་ལ་རྩ་བའི་དབྱེ་བ་ག་ཚོད་ཡོད།
ལན། བོད་ཡིག་ལ་རྩ་བའི་དབྱེ་བ་གཉིས་ཡོད་དེ་དབྱངས་དང་གསལ་བྱེད་གཉིས་ཡིན།
༡༣ གང་འདྲ་ཞིག་ལ་དབྱངས་ཟེར། དབྱངས་ཡིག་ག་ཚོད་ཡོད། དབྱངས་ཀྱི་མཚོན་རྟགས་གང་ཡིན།
ལན། ང་རོའི་རྣམ་པ་ཅན་གྱི་ཆ་ནས་བཞག་པའི་ཡི་གེ་དེ་ལ་དབྱངས་ཟེར༼སྒྲ་གདངས་ཁོ་ན་སྟོན་པ་ལས་དོན་གང་ཡང་མི་སྟོན་པ༽། དབྱངས་ཡིག་བཞི་ཡོད། མཚོན་རྟགས་ ི ུ ེ ོ ཡིན།
༡༤ གསལ་བྱེད་ཀྱི་གོ་དོན་གང་ཡིན། གསལ་བྱེད་ཀྱི་ཡི་གེ་ག་ཚོད་ཡོད་དམ།
ལན། རང་གྲོགས་དབྱངས་དང་སྦྱར་ནས་རང་གི་བརྗོད་དོན་གསལ་བར་བྱེད་པའི་ཡི་གེ་དེ་ལ་གསལ་བྱེད་ཅེས་ཟེར།༼རང་གི་བརྗོད་དོན་གསལ་བར་བྱེད་པ༽གསལ་བྱེད་ཀྱི་ཡི་གེ་ལ་ཀ་ནས་ཨ་བར་སུམ་ཅུ་ཐམ་པ་ཡོད།
༡༥ གསལ་བྱེད་སུམ་ཅུར་སྡེ་པ་ག་ཚོད་ཡོད། སྡེ་པ་རེར་ཡི་གེ་ག་ཚོད་ཡོད།
ལན། གསལ་བྱེད་སུམ་ཅུར་སྡེ་པ་ཕྱེད་དང་བརྒྱད་ཡོད། སྡེ་པ་རེར་ཡི་གེ་བཞི་རེ་ཡོད་པ་སྟེ། ཀ་སྡེ༼ཀ་ཁ་ག་ང༽ ཅ་སྡེ༼ཅ་ཆ་ཇ་ཉ༽ ཏ་སྡེ༼ཏ་ཐ་ད་ན༽ པ་སྡེ༼པ་ཕ་བ་མ༽ ཙ་སྡེ༼ཙ་ཚ་ཛ་ཝ༽ ཞ་སྡེ༼ཞ་ཟ་འ་ཡ༽ ར་སྡེ༼ར་ལ་ཤ་ས༽
བཅས་སྡེ་པ་བདུན་དང༼ཧ་ཨ༽སྡེ་པ་ཕྱེད་ཀ་བཅས་
༡༦ གང་འདྲ་ཞིག་ལ་མགོ་ཅན་ཟེར།
ལན། རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ཀྱི་མགོར་བརྩེགས་ནས་ཡོད་པ་ན་མགོ་ཅན་ཟེར།
༡༧ མགོ་ཅན་གྱི་ཡི་གེ་ག་ཚོད་ཡོད།
ལན། མགོ་ཅན་ཡི་གེ་གསུམ་སྟེ། ར་མགོ ལ་མགོ ས་མགོ་བཅས་སོ།
༡༨ ར་མགོ་ཅན་གྱི་ཡི་གེ་ག་ཚོད་ཡོད། དེ་དག་གང་དང་གང་ཡིན།
ལན། ར་མགོ་ཅན་གྱི་ཡི་གེ་བཅུ་གཉིས་ཏེ། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ་བཅས་སོ།།
༡༩ དབུ་མེད་སྐབས་ར་མགོ་ཅན་གྱི་ཡི་གེའི་ནང་ནས་གཟུགས་འགྱུར་ཆེ་བ་གང་དག་ཡིན།
ལན། ར་མགོ་ཅན་གྱི་ཡི་གེའི་ནང་ནས་གཟུགས་འགྱུར་ཆེ་བ་གསུམ་ཡོད་དེ། རྔ། རྡ། རྩ། བཅས་སོ།།
༢༠ ལ་མགོ་ཅན་གྱི་ཡི་གེ་ག་ཚོད་ཡོད། དེ་དག་གང་དང་གང་ཡིན།
ལན། ལ་མགོ་ཅན་གྱི་ཡི་གེ་བཅུ་སྟེ། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ་བཅས་སོ།།
༢༡ དབུ་མེད་སྐབས་ལ་མགོ་ཅན་གྱི་ཡི་གེའི་ནང་ནས་གཟུགས་འགྱུར་ཆེ་བ་གང་དག་ཡིན། སྒྲ་འགྱུར་ཆེ་བ་གང་ཡིན།
ལན། ལ་མགོ་ཅན་གྱི་ཡི་གེའི་ནང་ནས་གཟུགས་འགྱུར་ཆེ་བ་གསུམ་ཡོད་དེ། ལྔ། ལྟ། ལྡ། བཅས་དང་། སྒྲ་འགྱུར་ཆེ་བ་གཅིག་སྟེ། ལྷ། ཡིན།
༢༢ ས་མགོ་ཅན་གྱི་ཡི་གེ་ག་ཚོད་ཡོད། དེ་དག་གང་དང་གང་ཡིན།
ལན། ས་མགོ་ཅན་གྱི་ཡི་གེ་བཅུ་གཅིག་སྟེ། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་བཅས་སོ།།
༢༣ དབུ་མེད་སྐབས་ས་མགོ་ཅན་གྱི་ཡི་གེའི་ནང་ནས་གཟུགས་འགྱུར་ཆེ་བ་གང་དག་ཡིན། གཟུགས་ཡོངས་སུ་འགྱུར་བ་གང་ཡོད།
ལན། ས་མགོ་ཅན་གྱི་ཡི་གེའི་ནང་ནས་གཟུགས་འགྱུར་ཆེ་བ་གསུམ་ཡོད་དེ། སྟ། སྡ། སྩ། བཅས་དང་། གཟུགས་ཡོངས་སུ་འགྱུར་བ་གཅིག་སྟེ། སྤ། ཡིན།
༢༤ སླ་དང་རླ་ཞེས་པ་ལྟ་བུའི་ས་དང་ར་གཉིས་མགོ་ཅན་གྱི་ཁོངས་སུ་གཏོགས་སམ།
ལན། མ་གཏོགས་ཏེ། དེ་གཉིས་ནི་མིང་གཞི་ཡིན་པ་ལས་མགོ་ཅན་མིན།
༢༥ གང་འདྲ་ཞིག་ལ་འདོགས་ཅན་ཟེར།
ལན། རང་གི་འཇུག་ཡུལ་གྱི་མིང་གཞིའི་ཡི་གེ་རྣམས་ཀྱི་སྨད་ནས་འདོགས་པའི་ཚུལ་གྱིས་འཇུག་པས་ན་འདོགས་ཅན་ཟེར།
༢༦ འདོགས་ཅན་གྱི་ཡི་གེ་ག་ཚོད་ཡོད། དེ་དག་གང་དང་གང་ཡིན།
ལན། འདོགས་ཅན་གྱི་ཡི་གེ་བཞི་སྟེ། ཡ་བཏགས། ར་བཏགས། ལ་བཏགས། ཝ་བཏགས་བཅས་སོ།།
༢༧ ཡ་བཏགས་ཅན་གྱི་ཡི་གེ་ག་ཚོད་ཡོད། དེ་དག་གང་དང་གང་ཡིན།
ལན། ཡ་བཏགས་ཅན་གྱི་ཡི་གེ་བདུན་སྟེ། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ་བཅས་སོ།།
༢༨ ར་བཏགས་ཅན་གྱི་ཡི་གེ་ག་ཚོད་ཡོད། དེ་དག་གང་དང་གང་ཡིན།
ལན། ར་བཏགས་ཅན་གྱི་ཡི་གེ་བཅུ་གསུམ་སྟེ། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་ནྲ་པྲ་ཕྲ་བྲ་མྲ་སྲ་ཧྲ་བཅས་སོ།། (བཅུ་བཞིར་འདྲེན་ན་གོང་གི་བཅུ་གསུམ་སྟེང་ཤྲ་སྣོན་དགོས)
༢༩ ལ་བཏགས་ཅན་གྱི་ཡི་གེ་ག་ཚོད་ཡོད། དེ་དག་གང་དང་གང་ཡིན།
ལན། ལ་བཏགས་ཅན་གྱི་ཡི་གེ་དྲུག་སྟེ། ཀླ་གླ་བླ་ཟླ་རླ་སླ་བཅས་སོ།།
༣༠ ཝ་བཏགས་སམ་ཝ་ཟུར་ཅན་གྱི་ཡི་གེ་ག་ཚོད་ཡོད། དེ་དག་གང་དང་གང་ཡིན།
ལན། ཝ་བཏགས་ཅན་གྱི་ཡི་གེ་བཅོ་ལྔ་སྟེ། ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ་རྩྭ་གྲྭ་ཕྱྭ་བཅས་སོ།།
༣༡ ར་མགོ་ཡ་བཏགས་ཅན་ག་ཚོད་ཡོད། གང་དག་ཡིན།
ལན། ར་མགོ་ཡ་བཏགས་ཅན་གསུམ་སྟེ། རྐྱ། རྒྱ། རྨྱ། བཅས།
༣༢ ས་མགོ་ཡ་བཏགས་ཅན་ག་ཚོད་ཡོད། གང་དག་ཡིན།
ལན། ས་མགོ་ཡ་བཏགས་ཅན་ལྔ་སྟེ། སྐྱ། སྒྱ། སྤྱ། སྦྱ། སྨྱ། བཅས།
༣༣ ས་མགོ་ར་བཏགས་ཅན་ག་ཚོད་ཡོད། གང་དག་ཡིན།
ལན། ས་མགོ་ར་བཏགས་ཅན་དྲུག་སྟེ། སྐྲ སྒྲ སྣྲ སྤྲ སྦྲ སྨྲ་བཅས།
༣༤ ལོག་ཡིག་དང་། མཐུག་པོ། མཐར་ཟད། སྣོན་ཡིག་བཅས་ཇི་ལྟར་ཡིན།
ལན། ལོག་ཡིག་ལྔ་སྟེ། ཊ་ཋ་ཌ་ཎ་ཥ་བཅས་དང་། མཐུག་པོ་ལྔ་སྟེ། གྷ་དྷ་ཌྷ་བྷ་ཛྷ་བཅས་དང་། མཐར་ཟད་གཅིག་སྟེ། ཀྵ༔་དང་། སྣོན་ཡིག་གཅིག་སྟེ། ཧྥ་ཡིན།
༣༥ མིང་གཞི་ཞེས་པའི་གོ་དོན་གང་ཡིན།
ལན། མིང་དང་ཚིག་སོགས་བསྒྲུབ་པའི་ཆེད་དུ་སྔོན་རྗེས་ཡང་གསུམ་དང་། མགོ་འདོགས་བརྩེགས་གསུམ་དབྱངས་དང་བཅས་པ་འཇུག་པའི་གཞིར་གྱུར་པས་མིང་གཞི་ཞེས་ཟེར་རོ།
༣༦ རྗེས་འཇུག་གི་ཡི་གེ་ག་ཚོད་ཡོད།དེ་དག་ལ་རྗེས་འཇུག་ཅེས་བརྗོད་དོན་ཅི་ཡིན།
ལན། རྗེས་འཇུག་གི་ཡི་གེ་བཅུ་ཡོད་པ་སྟེ། ག་ང་ད་ན་བ་མ་འ་ར་ལ་ས་བཅས་ཡིན་ཞིང་། དེ་རྣམས་ལ་རྗེས་འཇུག་ཅེས་བརྗོད་དོན་ནི་མིང་གཞིའི་ཡི་གེ་རྣམས་ཀྱི་རྗེས་སུ་འཇུག་པས་ན་རྗེས་འཇུག་ཅེས་བརྗོད་པའོ།།
༣༧ ཡང་འཇུག་གི་ཡི་གེ་ག་ཡོད།དེ་དག་ལ་ཡང་འཇུག་ཅེས་བརྗོད་དོན་ཅི་ཡིན།
ལན། ཡང་འཇུག་གི་ཡི་གེ་གཉིས་ཡོད་པ་སྟེ། ད་དང་ས་གཉིས་ཡིན་ཞིང་། དེ་གཉིས་རྗེས་འཇུག་གི་རྗེས་སུ་ཡང་བསྐྱར་འཇུག་པས་ན་ཡང་འཇུག་ཅེས་བརྗོད།
༣༨ ཡང་འཇུག་ད་དང་ས་གཉིས་རྗེས་འཇུག་གི་རྗེས་སུ་ཡང་བསྐྱར་འཇུག་ཚུལ་ཇི་ལྟར་ཡིན།
ལན། ཡང་འཇུག་ད་ཡིག་ནི་རྗེས་འཇུག་ན་ར་ལ་གསུམ་གྱི་རྗེས་སུ་སྦྱོར་དགོས་པ་དཔེར་ན། བསྐྲུནད། བསྒྱུརད།
འཇལད་ལྟ་བུ་དང་། ཡང་འཇུག་ས་ནི་རྗེས་འཇུག་ག་ང་བ་མ་བཞིའི་རྗེས་སུ་སྦྱོར་དགོས་པ་དཔེར་ན། ནགས། གངས། ཞབས། སེམས་ལྟ་བུའོ།།
༣༩ སྔོན་འཇུག་གི་ཡི་གེ་ག་ཚོད་ཡོད། དེ་དག་ལ་སྔོན་འཇུག་ཅེས་བརྗོད་དོན་ཅི་ཡིན།
ལན། སྔོན་འཇུག་གི་ཡི་གེ་ལྔ་ཡོད་པ་སྟེ། ག་ད་བ་མ་འ་བཅས་ཡིན་ཞིང་། དེ་རྣམས་རང་གི་འཇུག་ཡུལ་དུ་གྱུར་པའི་མིང་གཞིའི་ཡི་གེའི་སྔོན་དུ་འཇུག་པས་ན་སྔོན་འཇུག་ཅེས་བརྗོད།
༤༠ མིང་གཞི་རྐྱང་པའམ་མི་འཇུག་པའི་ཡི་གེ་ག་ཚོད་ཡོད། དེ་དག་ལ་མི་འཇུག་པའམ་མིང་གཞི་རྐྱང་པ་ཞེས་བརྗོད་དོན་ཅི་ཡིན།
ལན། མིང་གཞི་རྐྱང་པའི་ཡི་གེ་ནི་རྗེས་འཇུག་བཅུ་ཕུད་པའི་ལྷག་མ་ཀ་ཁ་ཅ་ཆ་ཇ་ཉ་ཏ་ཐ་པ་ཕ་ཙ་ཚ་ཛ་ཝ་ཞ་ཟ་ཡ་ཤ་ཧ་ཨ་བཅས་ཉི་ཤུ་ཐམ་པ་ཡིན། དེ་རྣམས་སྔོན་རྗེས་གཉིས་སུ་མི་འཇུག་པས་ན་མིང་གཞི་རྐྱང་པའི་ཡི་གེ་ཞེས་བརྗོད།
༤༡ བོད་ཡིག་གི་ཡིག་གཟུགས་ལ་རྩ་བའི་དབྱེ་བ་ག་ཚོད་ཡོད།
ལན། བོད་ཡིག་གི་ཡིག་གཟུགས་ལ་རྩ་བའི་དབྱེ་བ་གཉིས་ཡོད་པ་སྟེ། དབུ་ཅན་དང་དབུ་མེད་གཉིས་ཡོད།
༤༢ དབུ་མེད་ཀྱི་ཡིག་གཟུགས་ལ་དབྱེ་བ་གང་དག་ཡོད།
ལན། དབུ་མེད་ཀྱི་ཡིག་གཟུགས་ལ་ཚུགས་ཐུང་དང་། དཔེ་ཚུགས། འབྲུ་ཚ། འཁྱུག་ཡིག་སོགས་ཡོད།
༤༣ དབུ་མེད་ཀྱི་ཡི་གེ་འབྲི་སྐབས་ཞབས་ཀྱུ་དང་མིང་གཞི་སྦྲེལ་ལུགས་ཐད་དོ་སྣང་བྱེད་དགོས་པ་གང་ཡོད་དམ།
ལན།༼༡༽ཀ་ཁ་ག་ཐ་ད་པ་དང་། མ་ལ་ས་བཅས་ཐད་ཀར་སྦྲེལ། ༼༢༽ཇ་ཉ་ཏ་ན་ཛ་ཞ་ར། ཧ་བཅས་སྦྲེལ་ཅིང་གུག་ཆ་ལྡན། ༼༣༽ཅ་ཆ་ང་ཙ་ཚ་ཝ་འ། ཨ་བཅས་ཐད་ཀར་སྦྲེལ་མི་རུང་། ༼༤༽ཤ་ལ་ཞབས་ཀྱུ་འབྲི་དུས་སུ། གཟུགས་ཀྱི་འགྱུར་བ་མངོན་གསལ་ཆེ།
༤༤ བོད་ཀྱི་རིག་གནས་ལ་གང་དག་ཡོད་དམ།
ལན། བོད་ཀྱི་རིག་གནས་ལ་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་བཅས་ཁྱོན་བཅུ་ཡོད། རིག་གནས་ཆེ་བ་ལྔ་ནི། སྒྲ་རིག་པ་དང་། ཚད་མ་རིག་པ། བཟོ་རིག་པ། གསོ་བ་རིག་པ། ནང་རིག་པ་བཅས་ལྔ་ཡོད། རིག་གནས་ཆུང་བ་ལྔ་ནི། སྙན་ངག་དང་། མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས་བཅས་ལྔ་ཡོད།
༤༥ བོད་ཀྱི་རིག་གནས་ཀྱི་ངག་རྒྱུན་ལ་བཤད་སྲོལ་ཇི་འདྲ་ཡོད།
ལན། སྒྲ་ཤེས་ན་དོན་ལ་མི་རྨོངས། མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། སྙན་ངག་ཤེས་ན་རྒྱན་ལ་མི་རྨོངས། སྡེབ་སྦྱོར་ཤེས་ན་ཚིགས་བཅད་ལ་མི་རྨོངས། ཟློས་གར་ཤེས་ན་སྐད་རིགས་ལ་མི་རྨོངས། སྐར་རྩིས་ཤེས་ན་བླང་དོར་ལ་མི་རྨོངས་ཞེས་བཤད་སྲོལ་ཡོད་པ་རེད།
༤༦ བོད་ཡིག་ཏུ་གྲངས་གནས་ཀྱི་བཅུ་སྐོར་ཇི་ལྟར་འབྲི་དགོས།
ལན། གཅིག་ནས་བཅུ་དགུ་ཉི་ཤུ་རྩ། སུམ་ཅུ་སོ་དང་བཞི་བཅུ་ཞེ། ལྔ་བཅུ་ང་དང་དྲུག་ཅུ་རེ། བདུན་ཅུ་དོན་དང་བརྒྱད་ཅུ་གྱ། དགུ་བཅུ་གོ་ཞེས་བརྒྱ་ཡི་བར། བཅུ་སྐོར་རེ་རེ་ནོར་མི་རུང་།