ཡི་གེའི་མདོ་ཞེས་བྱ་བ།
ཙནྡྲ་གོམི།
རྒྱ་གར་སྐད་དུ། ཝརྞྞ་སཱུ་ཏྲ་ནཱ་མ།
བོད་སྐད་དུ། ཡི་གེའི་མདོ་ཞེས་བྱ་བ།
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །
ནམ་མཁའ་རླུང་ལས་རབ་ཏུ་བྱུང་ཞིང་ལུས་ལས་ནི། །
ཡང་དག་གྱེན་བསྐྱོད་རིམ་པས་ཁ་ནང་སྒྲ་རིང་འདི། །
གནས་རྣམས་དེ་མ་ཐག་ཏུ་རབ་ཏུ་རྣམ་རྩོལ་ལྡན། །
ཡི་གེ་ཉིད་དུ་ཀུན་དུ་འགྲོ་བ་གང་དེ་སྒྲ། །
གནས་རྣམས་དང༌། བྱེད་པ་རྣམས་དང༌། རབ་ཏུ་རྩོལ་བ་དེ་རྣམས་ལས་ཡི་གེ་ཀུན་དུ་སྐྱེ་ཞེས་པའོ། །དེ་ལ་གནས་རྣམས་ནི་མགུལ་པ་ལ་ཨ་དང་ཀུ་དར་ཧ་དང་རྣམ་པར་གཅད་པའོ། །མགུལ་བ་དང་རྐན་ལས། ཨེཏ་དང་ཨེཏ་དང་ཨཻཏ་འོ། །མགུལ་པ་དང་མཆུ་ལས། ཨུཏ་དང་ཨོཏ་དང་ཨཽཏ་རྣམས་སོ། །སྤྱི་བོ་ལས་རྀ་དང་ཊུ་དང་ར་དང་ཥ་རྣམས་སོ། །སོ་ལས་ལྀ་དང་ཏུ་དང་ལ་དང་ས་རྣམས་སོ། །སྣ་ལས་ནི་རྗེས་སུ་དབྱངས་སོ། །རང་གི་གནས་རྣམས་དང་སྣ་ལས་ནི་ང་དང་ཉ་དང་ཎ་དང་ན་དང་མ་རྣམས་སོ། །རྐན་ལས་ནི་ཨི་དང་ཙུ་དང་ཡ་དང་ཤ་རྣམས་སོ། །མཆུ་ལས་ནི་ཨུཏ་དང་པུ་དང་ཝ་མཆུ་ལྡན་རྣམས་སོ། །སོ་དང་མཆུ་ལས་ནི་ཝའི་ཡི་གེའོ། །ལྕེའི་རྩ་བ་ཅན་ནི་ལྕེའི་རྩ་བའི་གང་གི་བྱེད་པ་རྣམས་ལས་སོ། །ལྕེའི་དབུས་དང་མཆུ་རྣམས་ལའོ། །ལྕེའི་རྩེ་དང་སྤྱི་བོ་རྣམས་སོ། །ལྕེའི་རྩེ་དང་སོ་རྣམས་སོ། །ལྷག་མ་རྣམས་ནི་རང་གི་གནས་རྣམས་ཀྱི་བྱེད་པ་རྣམས་སོ། །
རབ་ཏུ་རྩོལ་བ་ནི་རྣམ་པ་གཉིས་སོ། །ནང་དང་ཕྱིའོ། །
དེ་ལ་ནང་ནི་དོག་པ་དང་ཡངས་པ་དང༌། རེག་པ་དང་ཅུང་ཟད་རེག་པའོ། །དོག་པ་ནི་ཨའི་ཡི་གེའོ། །ཡངས་པ་ནི་དབྱངས་རྣམས་དང་དྲོ་བ་རྣམས་སོ། །དེ་རྣམས་ལས་དོག་པ་ནི་ཨེཏ་ཨཽཏ་དག་གོ།། དེ་རྣམས་ཀྱང་ཨའི་ཡི་གེའོ། །རེག་པ་དང་ཅུང་ཟད་རེག་པ་རྣམས་ནི་ཀ་ལ་སོགས་པའི་གནས་རྣམས་སོ། །ཅུང་ཟད་ཕྲད་པའི་གནས་རྣམས་ནི་མཐར་གནས་པའོ། །
ཕྱི་ནི་སྡེ་ཚན་རྣམས་ཀྱི་དང་པོ་རྣམས་དང༌། གཉིས་པ་རྣམས་དང༌། ཤ་དང་ཥ་དང་ས་དང་རྣམ་པར་གཅད་པ་དང༌། ལྕེའི་རྩ་བ་ཅན་དང༌། མཆུ་དང་ལྡན་པ་རྣམས་ནི་མགྲིན་པའི་སྒྲའ་རྗེས་སུ་རབ་ཏུ་སྦྱིན་པ་རྣམས་ནི་དབྱངས་མེད་པའོ། །དང་པོ་རྣམས་དང༌། གསུམ་པ་རྣམས་དང༌། ལྔ་པ་རྣམས་དང༌། མཐར་གནས་རྣམས་ནི་སྲོག་ཆུང་ངུ་རྣམས་སོ། །ཅིག་ཤོས་རྣམས་ནི་སྲོག་ཆེན་པོ་རྣམས་སོ། །གསུམ་པ་རྣམས་དང༌། བཞི་པ་རྣམས་དང༌། ལྔ་པ་རྣམས་དང༌། རྗེས་སུ་དབྱངས་དང་ལྡན་པ་རྣམས་དང༌། མཐར་གནས་པ་རྣམས་དང༌། ཧའི་ཡི་གེ་རྣམས་ནི་ཡངས་པ་མགུལ་པའི་ང་རོའི་རྗེས་སུ་རབ་ཏུ་སྦྱིན་པ་རྣམས་ནི་དབྱངས་དང་ལྡན་པའོ། །གཉིས་པ་རྣམས་དང༌། བཞི་པ་རྣམས་དང༌། ཤ་དང་ཥ་དང་ས་དང་ཧ་སྡེ་དྲོ་བ་རྣམས་སོ། །དེ་ལྟ་བུ་ཉིད་ཕྱིའི་རབ་ཏུ་རྩོལ་བའོ། །
འདིར་ཡང་ཡི་གེ་ཐུང་བ་དང་རིང་བ་དང་ཤིན་ཏུ་རིང་པོ་ཞེས་པ་དབྱེ་བ་རྣམ་པ་གསུམ་མོ། །རོ་ར་ཞིང་ཐུར་དུ་སྦྱིན་པ་དང་གྱེན་དུ་སྦྱིན་པ་དང་ཐད་ཀར་སྦྱིན་པའི་དབྱེ་བ་དང་སྣ་ལྡན་དང་བཅས་པ་དང༌། སྣ་ལྡན་དང་བྲལ་བའི་དབྱེ་བས་ཀྱང་རྣམ་པ་བཅོ་བརྒྱད་དུ་འགྱུར་རོ། །དེ་ལྟར་ཨེའི་ཡི་གེ་བརྗོད་པ་དང༌། ལེའི་ཡི་གེའོ། །ལྀའི་ཡི་གེ་ལ་རིང་བ་མེད་པས་དེའི་ཕྱིར་ན་རྣམ་པ་བཅུ་གཉིས་སུ་འགྱུར་རོ། །མཚམས་སྦྱོར་བའི་ཡི་གེ་རྣམས་ལ་ཐུང་བ་མེད་པས་ན་གཞན་ཡང་རྣམ་པ་བཅུ་གཉིས་ཡིན་ནོ། །གཅིག་གི་ཡུན་ཅན་ནི་ཐུང་བའོ། །གཉིས་ཀྱི་ཡུན་ཅན་ནི་རིང་བའོ། །གསུམ་གྱི་ཡུན་ཅན་ནི་ཤིན་ཏུ་རིང་བའོ། །སྟེང་དུ་སྦྱིན་པ་དང༌། འོག་ཏུ་སྦྱིན་པ་དང༌། ཐད་ཀར་སྦྱིན་པ་གསུམ་དུ་བསྡུའོ། །རང་གི་གནས་ལ་རྗེས་སུ་དབྱངས་ཅན་དང་རྗེས་སུ་དབྱངས་དང་བྲལ་བའོ། །མཐར་གནས་ལ་སོགས་པའི་རབ་ཏུ་དབྱེ་བ་རྣམས་སོ། །རྗེས་སུ་དབྱངས་དང་བཅས་པ་ཅན་དང༌། རྗེས་སུ་དབྱངས་དང་བྲལ་བ་ཅན་རྣམས་སོ། །
ལུང་དུ་སྟོན་པ་ཡི་གེའི་མདོ། སློབ་དཔོན་ཆེན་པོ་ཙནྡྲ་གོ་མིས་མཛད་པ་ཡོངས་སུ་རྫོགས་སོ།། །།ལེགས་པར་སྦྱར་བ་སཾ་སྐྲྀ་ཏའི་ཚུལ་ཅུང་ཟད་ཁོང་དུ་ཆུད་པའི་ཤཱཀྱའི་དགེ་སློང་ཉི་མ་རྒྱལ་མཚན་དཔལ་བཟང་པོས། དཔལ་འབྱོར་དུ་མ་ལ་དབང་ཐོབ་ཅིང༌། བརྩེ་བ་དང་དུལ་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆོས་དང་ལྡན་པའི་སློབ་དཔོན་ལྷའི་སྐུ་མཁར་གདུང་ཕུགས་སུ་བསྒྱུར་བའོ།།