ཞུན་ཧྭ་རྫོང་བོད་ཡིག་སློབ་འབྲིང་ནི། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་གི་ཐུགས་བཀོད་ལྟར་ཞིང་ཆེན་དང་ཁུལ། རྫོང་རིམ་པ་གསུམ་གྱི་ཏང་དང་མི་དམངས་སྲིད་གཞུང་གི་རྒྱབ་སྐྱོར་འོག་བཙུགས་པའི་སྐད་གཉིས་གཞིས་སྡོད་ལམ་ལུགས་ཀྱི་ཆ་ཚང་སློབ་འབྲིང་ཞིག་ཡིན་ལ། བོད་ཡིག་སློབ་འབྲིང་ཞེས་པའི་མིང་འདི་ཡང་རིན་པོ་ཆེ་མཆོག་གིས་གསོལ་ཞིང་། ང་ཕོད་ངག་དབང་འཇིགས་མེད་ལགས་ཀྱིས་ཕྱག་བྲིས་གནང་བ་ཡིན།
སྤྱི་ལོ་1985ལོར་སློབ་གྲྭ་བཙུགས་པ་ནས་བཟུང་། པཎ་ཆེན་ཐམས་ཅད་མཁྱེན་པ་གཙོ་བྱས་པའི་བླ་མ་དང་མཁས་དབང་མང་པོ་ཞབས་ཀྱིས་བཅགས་ཤིང་། ཀྲུང་དབྱང་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་དང་། རྫོང་ཨུ་རྫོང་མི་དམངས་སྲིད་གཞུང་གི་བླ་མེད་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བརྟེན་ནས། རིམ་བཞིན་སློབ་གྲྭའི་གཞི་རྒྱ་ཇེ་ཆེ་དང་སློབ་སྒྲུབ་ནུས་པ་ཇེ་ལེགས། སློབ་གྲྭའི་བདག་གཉེར་དོ་དམ་འཐུས་ཚང་དུ་གྱུར་ཏེ། ད་ལྟ་སློབ་རའི་སྤྱིའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་102667ལྷག་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་32791.7ལྷག་ཡོད། སློབ་གྲྭ་ཡོངས་ལ་སློབ་རིམ་6དང་འཛིན་གྲྭ་32ཡོད་པར་སློབ་མ་1500ལྷག་འདུས་ཤིང་།ཁྱོན་བསྡོམས་དགེ་བཟོ་བ་151ཡོད་པ་དང་། དེའི་ཁྲོད་སློབ་ཁྲིད་བྱེད་པའི་དགེ་རྒན་118ཡོད་པར་རབ་འབྱམས་པ་5དང་དངོས་གཞི་78ཡོད། མཐོ་འབྲིང་དགེ་རྒན་གྱི་ཚད་ལོངས་ཚད་བརྒྱ་ཆའི་བརྒྱད་ཅུ། དམའ་འབྲིང་དགེ་རྒན་གྱི་ཚད་ལོངས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད།
སློབ་གྲྭ་བཙུགས་ནས་བགྲང་བྱ་སུམ་ཅུ་རྩ་གྲངས་ཀྱི་་ཡུན་ལ། སློབ་གྲྭས་ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་ཁ་ཕྱོགས་སྲིད་ཇུས་ལག་བསྟར་བྱས་ཤིང་། སྤུས་ཚད་སློབ་གསོ་ཁག་ཐག་བྱ་ཆེད། མུ་མཐུད་དུ་སློབ་སྒྲུབ་ཀྱི་ཆ་རྐྱེན་ཇེ་ལེགས་དང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཡོད་ཚད་སློབ་གྲྭའི་དངོས་ཡོད་གནས་ཚུལ་ལ་བསྟུན་ཏེ་སྐད་རིགས་གསུམ་གྱི་ཁ་བརྡ་སྦྱོང་བརྡར་དེ་སློབ་ཁྲིད་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་ཁྲིད་ཀྱི་ངོ་བོ་དང་རྣམ་པ་གཉིས་ཀྱི་ཐད་ནས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཞིག་མངོན་པར་བྱས་ནས་རང་སློབ་གྲྭའི་བགྲང་བྱ་བཅུའི་ཆེ་མཐོ་བའི་དམིགས་འབེན་གཏན་འཁེལ་བྱས་པ་འདི་ལྟ་སྟེ། “ཞོན་ཧྭ་བོད་ཡིག་སློབ་འབྲིང་དེ་བོད་ཁམས་ཡོངས་ཀྱི་རིགས་མཐུན་སློབ་འབྲིང་ཁྲོད་ཕྱིའི་རྨང་གཞི་འཛུགས་སྐྲུན་དང་སློབ་སྒྲུབ་ཀྱི་ཆ་རྐྱེན། ནང་གི་དོ་དམ་དང་སློབ་ཁྲིད་ཀྱི་སྤུས་ཀ་བཅས་ཀྱི་ཐད་ནས་ཆེས་རྩེ་མོར་སོན་པའི་ས་གནས་ཀྱི་ཁྱད་ཆོས་མངའ་ཞིང་དཔེ་སྟོན་རང་བཞིན་ལྡན་པའི་སློབ་གྲྭ་ཞིག་ཏུ་གསར་བཞེངས་བྱ་རྒྱུ་དེ་ཡིན།།”སློབ་གྲྭའི་འགོ་ཁྲིད་ཚན་ཆུང་དང་རྒྱ་ཆེ་བའི་དགེ་རྒན་བྱིངས་ཀྱིས་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། རྫོང་སློབ་གསོ་ཅུའུ་བཅས་ཀྱི་ཡང་དག་པའི་མཛུབ་སྟོན་ལ་བརྟེན་ནས། མཐུན་སྒྲིལ་དམ་པོ་དང་སྙིང་སྟོབས་ཆེན་པོས་ཞོན་ཧྭ་བོད་ཡིག་སློབ་འབྲིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་ལ་ཕྱག་རྗེས་གསར་བ་འཇོག་དང་འཇོག་མུས་སུ་ཡོད།
ལོ་ངོ་སུམ་ཅུ་རྩ་གྲངས་རིང་ལ་རིམ་པ་མི་འདྲ་བའི་སློབ་ཆེན་ཁག་ལ་ཚད་ལྡན་གྱི་སློབ་མ་5800ལྷག་བསྐྱལ་བ་དང་། དེ་ལས་སློབ་མ་350 ལྷག་གིས་རབ་འབྱམས་པ་དང་། སློབ་མ་32 ལྷག་གིས་འབུམས་རམས་པའི་བསླབ་གནས་བླངས་ཡོད། ཐེངས་མང་པོར་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་སློབ་གསོའི་སྔོན་ཐོན་སྡེ་ཁག་ཏུ་བདམས་པ་དང་། མཚོ་ཤར་ས་ཁུལ་གྱི་མི་རིགས་སློབ་གསོའི་མེ་ཏོག་རྐང་གཅིག་ཅེས་པའི་མཚན་སྙན་ཡང་ཐོབ་མྱོང་བ་མ་ཟད། རབས་དུ་མར་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྔོན་ཐོན་སྡེ་ཁག་དང་དཔལ་ཡོན་གྱི་སློབ་གླིང་སོགས་སུ་བདམས་ཐོན་བྱུང་ཡོད། ལྷག་པར་དུ་ལོ་མང་པོར་ཞིང་ཆེན་རིམ་པའི་སློབ་གསོའི་སྡེ་ཁག་གི་བརྟན་བརླིང་སྲུང་སྐྱོབ་ཀྱི་སྔོན་ཐོན་སྡེ་ཁག་གི་མཚན་སྙན་ཐོབ་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བདེ་ཐང་སློབ་གྲྭ། མཚོ་ཤར་ས་ཁུལ་གྱི་སྔོན་ཐོན་སྡེ་ཁག་སོགས་ཀྱི་མཚན་སྙན་ཐོབ་ཡོད་པས་སྤྱི་ཚོགས་ཀྱིས་གདེངས་འཇོག་མཐོ་ཞིང་ཁྱིམ་བདག་གིས་བློ་འཁེལ་ཆོག་པའི་སློབ་གྲྭ་ལེགས་ཤོས་ཤིག་ཏུ་གྱུར་ཡོད།
མདོར་ན། དེང་རབས་མིག་རྒྱང་ཡངས་པའི་སློབ་གསོའི་གནས་གཞི་སོགས་དང་དཀྱུས་གཅིག་ཏུ་འདྲེས་པའི་བདག་གཉེར་དམ། སློབ་སྲོལ་ཡག་ལ་འཕེལ་ཁ་མགྱོགས་པ། མཚན་སྙན་འབར་བའི་མི་རིགས་ཆ་ཚང་བཅའ་སྡོད་སློབ་འབྲིང་ཞིག་ཡིན་ནོ།།
༗ སློབ་རའི་དམ་ཚིག་གཡུ་ཡི་ཕྲེང་བ།
【སློབ་སྒྲུབ་ཀྱི་བསམ་བློ།】ཡོད་ཚད་སློབ་མའི་དོན་དུ། ཐམས་ཅད་སློབ་རའི་སླད་དུ། དམིགས་ཚད་སློབ་ཁྲིད་ཀྱི་སྤུས་ཀ་གོང་འཕེལ་གཏོང་བའི་ཕྱིར་དུ་ཡིན།།
【སློབ་སྒྲུབ་ཀྱི་ སྙིང་སྟོབས།】རིན་པོ་ཆེ་མཆོག་གི་ཞལ་གདམས་སྙིང་ལ་སྒོམ་བཞིན། ཞོན་ཧྭ་བོད་ཡིག་སློབ་འབྲིང་གི་དམ་ཚིག་མིག་འབྲས་ལྟར་སྲུང་ཤིང་། སྙིང་སྟོབས་མི་འགྱུར་རྡོ་རྗེ་བྲག་ལ་འདེབས། མཐུན་སྒྲིལ་མི་ལྷོད་མཁའ་ཡི་རང་གཤིས་འཛིན། བརྩོན་འགྲུས་མི་ཉམས་ཆུ་ཡིས་རྡོ་ཕུག་བཞིན།།
【སློབ་སྒྲུབ་ཀྱི་འདུ་ཤེས།】སློབ་རའི་སྤྱི་ཡི་འཕེལ་རྒྱས་དམིགས་ཚད་འཛིན།། གཟབ་ནན་འགན་ལེན་རྒན་གྱི་རྩ་བར་ལྟ།།སློབ་མའི་ཕྱོགས་ཡོངས་རྒྱས་པ་གནད་དུ་མཐོང་།།
【སློབ་སྒྲུབ་ཀྱི་ཁ་ཕྱོགས།】ཕ་ཡུལ་སྙིང་ལ་བཅངས།། ཞབས་འདེགས་བོད་ལ་ཞུ།། རྒྱལ་ཁམས་རིག་པས་ཉུལ།།མ་འོང་ཚད་མས་གཞལ།།
【སློབ་སྒྲུབ་ཀྱི་དམིགས་ཚད།】ཞུན་ཧྭ་བོད་ཡིག་སློབ་འབྲིང་དེ་བོད་ཁམས་ཡོངས་ཀྱི་རིགས་མཐུན་སློབ་འབྲིང་ཁྲོད་ཕྱིའི་རྨང་གཞི་འཛུགས་སྐྲུན་དང་སློབ་སྒྲུབ་ཀྱི་ཆ་རྐྱེན། ནང་གི་དོ་དམ་དང་སློབ་ཁྲིད་ཀྱི་སྤུས་ཀ་བཅས་ཀྱི་ཐད་ནས་ཆེས་རྩེ་མོར་སོན་པའི་ས་གནས་ཀྱི་ཁྱད་ཆོས་མངའ་ཞིང་དཔེ་སྟོན་གྱི་རང་བཞིན་ལྡན་པའི་སློབ་གྲྭ་ཞིག་ཏུ་གསར་བཞེངས་བྱ་རྒྱུ་ཡིན།།
【སློབ་རའི་ལུགས་སྲོལ།】གཟབ་ནན་དཔལ་དང་ལྡན།། །འཆམ་མཐུན་གསོན་ཤུགས་འབར།།
【སློབ་རའི་སྦྱང་སྲོལ།】 དཔེ་ཀློག་ཐོས་པ་འཚོལ།། ཆོད་སེམས་བརྟན་པོ་ཡིས།། མཁས་པའི་གོ་འཕང་བརྙེས།།
【སློབ་རའི་ཁྲིད་སྲོལ།】བྱམས་དང་སྙིང་རྗེ་ལྡན།། བརྩོན་ལྡན་དཔལ་ལ་སྙེག།
【སློབ་རའི་བསླབ་བྱ།】 ད་ནི་མ་ཡུམ་སློབ་གླིང་བདག་གི་རྒྱན།། མ་འོང་བདག་ནི་སློབ་གླིང་འདི་ཡི་རྒྱན།།